ཀྲུང་གོ་བོད་ཀྱི་དྲ་བ།

ཨན་པའེ་ཅིན་སན་གྱིས་འཇར་པན་དང་ཀྲུང་གོའི་འབྲེལ་བ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་འབྱུང་བར་ཡར་སྐུལ་གཏོང་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་པན་གྱི་དབུ་བཞུགས་བློན་ཆེན་ཨན་པའེ་ཅིན་སན་གྱིས་ཚེས་ཉེར་བརྒྱད་ཉིན་གྲོས་ཞུགས་ཁང་དང་དམངས་གྲོས་ཁང་གི་ཚང་འཛོམས་གྲོས་ཚོགས་སྟེང་གཏམ་བཤད་སྤེལ་སྐབས། བྱིས་པ་ཉུང་བ་དང་རྒན་པ་མང་བ་སོགས་འགྲན་རྩོད་རབ་དང་རིམ་པའི་འོག་དུས་རབས་གསར་བ་གསར་གཏོད་བྱ་དགོས་པ་ར་མ་ཟད། འཇར་པན་དང་ཀྲུང་གོའི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་བའི་རེ་བ་ཡོད་ཟེར། 

འཇར་པན་གྱི་རྒྱུན་ལྡན་གྱི་རྒྱལ་ཚོགས་གྲོས་ཚོགས་ཉིན་དེར་བསྡུས། ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། བྱིས་པ་ཉུང་བ་དང་རྒན་པ་མང་བའི་གནད་དོན་ཐག་གཅོད་བྱ་ཆེད། འཇར་པན་གྱིས་མུ་མཐུད་དུ་ངལ་རྩོལ་རྣམ་པ་དང་སྤྱི་ཚོགས་འགན་སྲུང་སྒྲིག་ལུགས་སོགས་ཀྱི་བཅོས་བསྒྱུར་ལ་ཡར་སྐུལ་བཏང་སྟེ། བྱིས་པ་སོགས་རིན་མེད་སློབ་གསོ་མངོན་འགྱུར་བྱས་ནས། བུད་མེད་དང་རྒན་པ། དབང་བོ་སྐྱོན་ཅན་སོགས་ལ་སྔར་ལས་མང་བའི་བྱ་བའི་གོ་སྐབས་དང་ངལ་རྩོལ་ཁོར་ཡུག་བཟང་བོ་གསར་གཏོད་བྱེད་རྒྱུ་ཡིན་ཟེར། 

རྩ་ཁྲིམས་ཀྱི་བཟོ་བཅོས་གནད་དོན་ཐད་ནས་ཨན་པའེ་ཅིན་སན་གྱིས་བསྟན་དོན། ཏང་ཁག་སོ་སོས་རྒྱལ་ཚོགས་ནས་གནད་དོན་དེའི་ཐད་ནས་གྲོས་བསྡུར་ཞིབ་ཏུ་བྱེད་པའི་རེ་བ་བཏོན། 

ཨན་པའེ་ཅིན་སན་གྱིས་བཤད་རྒྱུར། མིག་སྔར་འཇར་པན་དང་ཀྲུང་གོའི་འབྲེལ་བ་རྒྱུན་ལྡན་དུ་གྱུར་བ་དང་། མུ་མཐུད་དུ་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་འགྲོ་འོང་ལ་ཤུགས་སྣོན་པ་དང་རྒྱལ་ཁབ་གཉིས་ཀྱི་ཁྱབ་ཁོངས་སོ་སོའི་བརྗེ་རེས་འཕེལ་རྒྱས་ཇེ་ཟབ་ཏུ་བཏང་སྟེ། རྒྱལ་ཁབ་གཉིས་ཀྱི་འབྲེལ་བ་དེ་སྐས་རིམ་གསར་བ་ཞིག་ཏུ་འཕེལ་རྒྱས་སུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།