ཀྲུང་གོ་བོད་ཀྱི་དྲ་བ།

ཧིན་རྡུ་ཉི་ཞི་ཡཱ་རུ་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་མི་ང་དགུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གིས་ཚེས་ཉེར་ལྔ་ཉིན་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་སུའུ་ལཱ་ཝེ་ཞི་ལྷོ་མ་ཞིང་ཆེན་དུ་ཉེ་སྔོན་ཆུ་ལོག་དང་རི་ཉིལ་བའི་གནོད་འཚེ་བྱུང་བ་ལས་མི་ང་དགུ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔ་གར་སོང་མ་རྙེད། རྒུད་སྐྱོབ་བྱ་བ་ཛ་དྲག་གིས་སྤེལ་བཞིན་ཡོད་ཟེར། 

ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་གི་མགྲིན་ཚབ་པ་སུའུ་ཐའོ་པའོ་ཡིས་ཉིན་དེར་ཁྱབ་སྒྲོག་བྱས་པའི་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། ཚེས་ཉེར་ལྔ་ཉིན་གྱི་དུས་ཚོད་བཅུ་གཉིས་བར། གནོད་འཚེ་དེ་ལས་མི་ཞེ་བདུན་ལ་རྨས་ཕོག་པ་དང་། བསྡོམས་པས་མི་སྟོང་དྲུག་དང་ལྔ་བརྒྱ་གོ་དྲུག་ལ་ཤུགས་རྐྱེན་ཐེབས་ཡོད་ལ། མི་སྟོང་གསུམ་དང་སུམ་བརྒྱ་ཉེར་གཅིག་མྱུར་མོར་ས་ཁུལ་གཞན་དུ་ཕྱིར་འཐེན་བྱས། སུའུ་ལཱ་ཝེ་ཞི་ལྷོ་མ་ཞིང་ཆེན་དུ་ཁང་བ་སྟོང་བཞི་དང་བརྒྱད་བརྒྱ་དང་ས་ཞིང་ཀུང་ཆིང་ཁྲི་གཅིག་དང་སྟོང་གཅིག་བརྒྱད་བརྒྱ་ཆུ་ལོག་གིས་བསྣུབས་པ་དང་། ཟམ་པ་བཅུ་དང་སྤྱི་ལེ་བཅུ་དྲུག་ལྷག་གི་གཞུང་ལམ། སྤྱི་བའི་སྒྲིག་ཆས་དང་ཁང་བ་མང་བོར་གཏོར་བརླག་ཐེབས་ཡོད་ཟེར། 
སུའུ་ཐའོ་པའོ་ཡིས་ད་རུང་བཤད་རྒྱུར། ཧིན་རྡུ་ཉི་ཞི་ཡཱའི་གནོད་འགོག་ཁང་དང་རྒྱལ་ཁབ་རྒུད་སྐྱོབ་ཅུའུ། དམག་མི་དང་ཉེན་རྟོག་པ། ཧིན་རྡུ་ཉི་ཞི་ཡཱའི་རྒྱ་གྲམ་དམར་པོ་ཚོགས་པ། དང་བླངས་མཁན་སོགས་ཀྱིས་གྲུབ་པའི་རྒུད་སྐྱོབ་དམག་དཔུང་གིས་གནོད་ཐེབས་མང་ཚོགས་ཕྱིར་འཐེན་བྱེད་པ་དང་སྲོག་ཉེན་ལས་ཐར་བའི་མི་འཚོལ་ཞིབ་བྱེད་པ་སོགས་བྱ་བ་སྤེལ་བཞིན་ཡོད། ཧིན་རྡུ་ཉི་ཞི་ཡཱའི་སྲིད་གཞུང་སྡེ་ཁག་དང་དམངས་ཁྲོད་ཚོགས་ཁག་གི་རྒུད་སྐྱོབ་འཕྲལ་སྒྲུབ་དངོས་རྫས་དག་བསྟུད་མར་གནོད་ཐེབས་ས་ཁུལ་དུ་འབྱོར་ཡོད་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།