ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱིས་རྒྱལ་ཁབ་སོ་སོས་ཁོར་སྲུང་བཅའ་ཁྲིམས་ཁྲིམས་སྲོལ་ལག་བསྟར་བྱེད་པའི་ཤུགས་ཚད་ཇེ་ཆེར་གཏོང་དགོས་པའི་སྐུལ་མ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-25
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཁོར་ཡུག་ཁང་གིས་ཚེས་ཉེར་བཞིའི་ཉིན་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོབ་བཅའ་ཁྲིམས་ཀྱི་དཔྱད་འཇོག་སྙན་ཞུ་ཐོག་མ་སྤེལ། སྙན་ཞུ་ལས་བསྟན་དོན། འདས་པའི་ལོ་ངོ་བཞི་བཅུ་ལྷག་གི་རིང་ལ་འཛམ་གླིང་ཡོངས་ཀྱི་ཁོར་ཡུག་ཁྱབ་ཁོངས་ཀྱི་ཁྲིམས་སྐྱོང་འཛུགས་སྐྲུན་རྒྱུན་ཆད་མེད་པར་འཐུས་ཚང་དུ་བཏང་བ་དང་། འབྲེལ་ཡོད་ལས་ཁུངས་ལ་འཕེལ་རྒྱས་ཆེན་པོ་བྱུང་ཡོད་ཀྱང་། ཁྲིམས་སྲོལ་ལག་བསྟར་གྱི་ཤུགས་ཚད་མི་འདང་བའི་གནས་བབ་ལས་ཁོར་ཡུག་གི་འཇིགས་ཉེན་ཇེ་ཆེར་བཏང་ཡོད་ཟེར། 

སྙན་ཞུ་ལས་བཤད་རྒྱུར། གཅིག་སྟོང་དགུ་བརྒྱ་དོན་གཉིས་ལོའི་ཚུན་ལ། རྒྱལ་སྤྱིའི་ཕྱོགས་ཀྱི་རྒྱབ་སྐྱོར་དང་རོགས་རམ་འོག རྒྱལ་ཁབ་སོ་སོས་ཁོར་ཡུག་གི་གྲོས་ཆོད་སྟོང་གཅིག་དང་བརྒྱ་ལྷག་བཀོད་པ་དང་། ཁོར་ཡུག་གི་བཅའ་ཁྲིམས་སྒྲོམ་གཞི་མང་བོ་གཏན་འབེབས་བྱས་ཡོད་ཀྱང་། བཅའ་ཁྲིམས་དེ་དག་ལག་བསྟར་བྱེད་ཐུབ་མེད་ལ། རྒྱལ་ཁབ་སོ་སོས་ནམ་ཟླའི་འགྱུར་ལྡོག་ཐག་གཅོད་པ་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བ། ཁྱབ་ཁོངས་ཆེན་མོའི་དངོས་རིགས་ཉམས་དམས་སུ་འགྲོ་བར་སྔོན་འགོག་བྱེད་པ་བཅས་ཀྱི་འགྲན་རྩོད་ཆེན་པོ་ཞིག་ཏུ་གྱུར་ཡོད་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་དང་ཁོར་ཡུག་གནད་དོན་གྱི་དམིགས་བསལ་སྙན་ཞུ་བ་པའོ་དབྱེ་ཏི་ཡིས་བསྟན་དོན། སྙན་ཞུ་དེ་ལས་ཅིའི་ཕྱིར་ཉེ་བའི་ལོ་བཅུ་ཕྲག་འགའི་རིང་ཁོར་ཡུག་བཅའ་ཁྲིམས་ལ་འཕེལ་རྒྱས་ཀྱི་རྣམ་པ་བྱུང་བར་འགྲེལ་བརྗོད་བྱས་ཡོད་ཀྱང་། སྦགས་བཙོག་དང་སྐྱེ་དངོས་སྣ་མང་རང་བཞིན་ཉམས་པ། ནམ་ཟླའི་འགྱུར་ལྡོག་སོགས་གནད་དོན་སྔར་བཞིན་གནས་ཡོད། གལ་ཏེ་ཁོར་ཡུག་གི་ཁྲིམས་སྐྱོང་ལ་ཤུགས་སྣོན་མ་བྱས་ན། བདེ་ཐང་གི་ཁོར་ཡུག་ལོངས་སུ་སྤྱོད་པའི་གཞི་རྩའི་འགྲོ་མིའི་ཐོབ་ཐང་དེ་མངོན་འགྱུར་བྱེད་ཐབས་མེད་ཟེར། 

སྙན་ཞུ་ལས་བསྟན་དོན། བཅའ་ཁྲིམས་ལག་བསྟར་བྱེད་པའི་ཤུགས་ཚད་མི་འདང་བའི་རྒྱུ་རྐྱེན་ལ་སྲིད་གཞུང་ལས་ཁུངས་བར་གྱི་མཐུན་སྦྱོར་ཞན་པ་དང་ལས་ཁུངས་ཀྱི་ནུས་པ་ཞན་པ། བརྡ་འཕྲིན་ཐོབ་པའི་ཐབས་ལམ་ཉུང་བ། རུལ་སུངས་དང་སྤྱི་དམངས་ཀྱི་ཟབ་ཞུགས་ལ་ཚད་བཀག་ཡོད་པ་སོགས་འདུས་ཟེར། 

མཉམ་འབྲེལ་རྒྱལ་ཚོགས་ཀྱི་ཁོར་ཡུག་ཁང་གི་ལག་བསྟར་ཀྲུའུ་རིན་ཚབ་མ་མུའུ་སུའུ་ཡཱ་ཡིས་བཤད་རྒྱུར། ང་ཚོར་བཅའ་ཁྲིམས་ཁྲིམས་སྲོལ་ཡོད་པ་དང་། རྩ་འཛུགས་ལས་ཁུངས་ཡོད་ལ། འཁོར་སྐྱོད་རྐྱེན་སྲོལ་ལ་བརྟེན་ནས་རྒྱུན་མཐུད་ངང་ཁོར་ཡུག་ལ་དོ་དམ་བྱེད་ཐུབ། ཆབ་སྲིད་ཀྱི་འདོད་བློ་ནི་འབྲེལ་ཡོད་བཅའ་ཁྲིམས་ལག་བསྟར་ནན་མོ་བྱེད་པར་འགན་སྲུང་བྱེད་པའི་གནད་འགག་ཡིན་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།