ཀྲུང་གོ་བོད་ཀྱི་དྲ་བ།

ཨེ་ཅིབ་དང་སོ་ཏི་ཨ་རབ་སོགས་རྒྱལ་ཁབ་ཀྱི་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་མཇུག་སྒྲིལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཚེས་དྲུག་ཉིན་གསལ་སྒྲོག་སྤེལ་ཏེ། ཨེ་ཅིབ་དང་སོ་ཏི་ཨ་རབ། ཅོར་ཏན་སོགས་རྒྱལ་ཁབ་ཀྱི་མཚོ་དམག་ཟབ་ཞུགས་བྱས་པའི་མཚོ་ཐོག་མཉམ་འབྲེལ་དམག་དཔུང་གི་དམག་དོན་སྦྱོང་བརྡར་དེ་ཚེས་ལྔ་ཉིན་སོ་ཏི་ཨ་རབ་ཀྱི་མཚོ་ཁོངས་ནས་མཇུག་སྒྲིལ། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིར་དམག་དོན་སྦྱོང་བརྡར་ལ་ཞུགས་པའི་རྒྱལ་ཁབ་ལ་ད་རུང་ཅི་པུའུ་ཐིས་དང་། སུའུ་ཏན། ཡེ་མིན་བཅས་ཡོད། སྦྱོང་བརྡར་གྱི་ནང་དོན་ལ་དཔུང་འཇུག་དང་འགོག་སྲུང་དཔུང་སྒྲིག་སྦྱོང་བརྡར། མྱུར་བགྲོད་གྲུ་གཟིངས་ཀྱི་དཔུང་འཇུག མདེལ་དངོས་མའི་གཏོང་འཕེན། འཕུར་མདའི་འགོག་རྒོལ་སོགས་འདུས། ཨེ་ཅིབ་མཚོ་དམག་གི་དམིགས་བསལ་དམག་དཔུང་གིས་ད་རུང་མཚོ་འགྲམ་གྱི་ཉུལ་ཞིབ་དང་གྱེན་འཕུར་གནམ་གྲུ་མྱུར་མོར་སྐམ་སར་འབུད་པ། སྐམ་སའི་འགོག་སྲུང་སོགས་འཐབ་རྩལ་མངོན། 

གསལ་སྒྲོག་ལས་བཤད་རྒྱུར། ཐེངས་འདིའི་དམག་དོན་སྦྱོང་བརྡར་དེའི་དམིགས་ཡུལ་ནི་མཚོ་དམར་ནས་མཉམ་འབྲེལ་ལས་འགན་ལག་བསྟར་བྱེད་པའི་ནུས་པར་ཤུགས་སྣོན་པ་དང་། དམག་དོན་མཉམ་ལས་དང་འཐབ་འཁྲུག་ཉམས་མྱོང་བརྗེ་རེས་ལ་ཤུགས་སྣོན་བྱས་ཏེ། མཉམ་དུ་འགྲན་རྩོད་ཐག་གཅོད་དང་ས་ཁུལ་གྱི་བདེ་འཇགས་དང་གཏན་འཇགས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་ཡིན་ཟེར། 

ཨེ་ཅིབ་དམག་ཕྱོགས་ཀྱི་མགྲིན་ཚབ་པས་ཟླ་འདིའི་ཚེས་གཅིག་ཉིན་བཤད་རྒྱུར། ཨེ་ཅིབ་མཚོ་དམག་གི་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་ཉིན་དེར་སོ་ཏི་ཨ་རབ་ཏུ་འབྱོར་ནས། གོང་སྨྲས་རྒྱལ་ཁབ་དག་དང་མཉམ་དུ་མཚོ་ཐོག་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་མགོ་བརྩམས་ཟེར། 

ཨེ་ཅིབ་ཀྱིས་ཉེ་བའི་ལོ་གཅིག་གི་རིང་སྔ་གཞུག་ཏུ་ཨ་མེ་རི་ཁ་དང་ཧྥ་རན་སི། དབྱིན་ཇི། དབྱི་ཐཱ་ལེ། སོ་ཏི་ཨ་རབ། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ། པཱ་ལིན། ཁི་ཝེ་ཐི་སོགས་རྒྱལ་ཁབ་བར་མཉམ་འབྲེལ་དམག་དོན་སྦྱོང་བརྡར་སྤེལ་བ་དང་། དམག་དོན་སྦྱོང་བརྡར་ལ་ཞུགས་པའི་དམག་དཔུང་ལ་སྐམ་མཚོ་མཁའ་གསུམ་དང་དམིགས་བསལ་དམག་དཔུང་བཅས་འདུས། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།