ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལིང་ཕུའུ་ཡིས་ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་བསྡུ་སའི་སྐོར་ནས་གྲོས་བསྡུར་བྱེད་བཞིན་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཚེས་དྲུག་ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་མགོ་ཁྲིད་པའི་གྲོས་མོལ་ཐེངས་གཉིས་པ་བསྡུ་སའི་སྐོར་ནས་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་ཉིན་དེར་ཏའེ་ཝེ་སྒར་སའི་མདུན་ནས་གསར་འགོད་པར་བསྟན་དོན། ཨ་མེ་རི་ཁ་དང་ཁྲའོ་ཞན་ཕྱོགས་གཉིས་ཀྱིས་ཁོ་དང་ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་གྱི་གྲོས་མོལ་ཐེངས་གཉིས་པ་བསྡུ་སའི་ས་གནས་ལ་གྲོས་བསྡུར་བྱེད་བཞིན་ཡོད་ཟེར། 

ཐི་ལིང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁ་དང་ཁྲའོ་ཞན་གྱིས་གྲོས་མོལ་བཟང་བོ་བྱས་མྱོང་ཟེར། ཁོས་དེའི་ཞོར་དུ་ཨ་མེ་རི་ཁའི་ཁྲའོ་ཞན་གྱི་བཀག་སྡོམ་སྔར་བཞིན་ནུས་ལྡན་ཡིན་པའི་ཚུལ་བསྟན། 

ཐི་ལིང་ཕུའུ་ཡིས་ཚེས་གཉིས་ཉིན་ཕོ་བྲང་དཀར་པོ་ནས་བསྡུས་པའི་ནེ་ཀིའི་གྲོས་ཚོགས་སྟེང་བཤད་རྒྱུར། ཁོར་ཅིན་ཀྲིན་ཨིན་གྱི་འཕྲིན་ཡིག་ཅིག་འབྱོར་ཡོད་པ་དང་། ཅང་མ་འགོར་བའི་མ་འོངས་པར་ཅིན་ཀྲིན་ཨིན་དང་ཡང་བསྐྱར་གྲོས་མོལ་བྱེད་སྲིད་ཟེར། ཟླ་སྔོན་མའི་ཟླ་མགོར་ཐི་ལིང་ཕུའུ་ཡིས་གསར་འགྱུར་ལས་རིགས་ལ་བསྟན་དོན། ཁོས་ཉིས་སྟོང་བཅུ་དགུ་ལོའི་ཟླ་དང་པོ་དང་ཡང་ན་ཟླ་གཉིས་པའི་ནང་ཅིན་ཀྲིན་ཨིན་དང་ཡང་བསྐྱར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 

ཅིན་ཀྲིན་ཨིན་གྱིས་ཚེས་གཅིག་ཉིན་ལོ་གསར་བའི་ཤིས་ཚིག་འབུལ་སྐབས་བསྟན་དོན། ཁོས་དུས་ངེས་མེད་དུ་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་དང་ཡང་བསྐྱར་གྲོས་མོལ་བྱེད་པར་གྲ་སྒྲིག་བྱས་ཡོད། གལ་ཏེ་ཨ་མེ་རི་ཁས་དམ་བཅའ་བརྩི་སྲུང་མི་བྱེད་པ་དང་ཁྲའོ་ཞན་མི་དམངས་ཀྱི་བཟོད་སྒོམ་གོ་ལོག་ཏུ་བཟུང་ནས། སྔར་བཞིན་ཁྲའོ་ཞན་ལ་བཀག་སྡོམ་བྱེད་ཐབས་ཀྱིས་སྣོན་ཤུགས་བྱིན་ན། ཁྲའོ་ཞན་གྱིས་རང་སྟེང་གི་བདག་དབང་དང་ཆེས་མཐོའི་ཁེ་ཕན། ཁྲའོ་ཞན་ཕྱེད་གླིང་གི་ཞི་བདེ་དང་བདེ་འཇགས་མངོན་འགྱུར་བྱེད་པ་བཅས་ཀྱི་ཆེད་དུ་ཐབས་ལམ་གསར་བ་ཞིག་འཚོལ་ཞིབ་བྱེད་མི་ཐབས་མེད་རེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།