ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་གཏེར་ཁའི་རྡིབས་སྐྱོན་དོན་རྐྱེན་ལས་ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་པཱ་ཏཱ་ཧི་ཧྲང་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་དྲུག་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཉིན་དེར་ཞིང་ཆེན་དེའི་མངའ་ཁོངས་སུ་གཏེར་ཁའི་རྡིབས་སྐྱོན་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་ཟེར། 

ཞིང་ཆེན་དེའི་རྒྱལ་ཁབ་གནོད་འཚེ་དོ་དམ་ཅུའུ་ཡི་འགན་ཁུར་བ་ཏི་ཧི་ཁན་གྱིས་བཤད་རྒྱུར། ཉིན་དེའི་སྔ་དྲོར་ཞིང་ཆེན་དེའི་བྱང་ཕྱོགས་ཀྱི་ཁི་ཞེ་སི་ཐན་ས་ཁུལ་གྱི་གསེར་གཏེར་ཞིག་ལ་གློ་བུར་དུ་རྡིབས་སྐྱོན་བྱུང་བ་དང་། སྐབས་ཐོག་དེར་ཉུང་མཐར་ཡང་ལས་བཟོ་བ་ལྔ་བཅུ་ཡིས་གཏེར་ཁྲོན་ནང་དུ་ལས་ཀ་བྱེད་བཞིན་ཡོད་ཟེར། ཁོས་བཤད་རྒྱུར། ཤི་རྨས་ཐེབས་པའི་མི་སྣ་ལས་གཞན་མི་རེ་འགའ་གཏེར་ཁྲོན་ནང་དུ་བཅུག་ཡོད་ལ། གནས་ཚུལ་དེ་འདྲ་བཟང་རྒྱུ་མེད་ཟེར། 

ཏི་ཧི་ཁན་གྱིས་བསྟན་དོན། མིག་སྔར་དོན་རྐྱེན་དེའི་འབྱུང་རྐྱེན་གསལ་བོར་མི་ཤེས་ཀྱང་། གསེར་གཏེར་དེ་ནི་ཁྲིམས་འགལ་གྱིས་སྔོག་འདོན་བྱས་པ་ཡིན་པས། ལག་ལེན་ཚད་ལྡན་མིན་པའི་དབང་གིས་དོན་རྐྱེན་བྱུང་བར་ཡང་ཁྲིགས་ཁྲིགས་མེད་ཟེར། 

པཱ་ཏཱ་ཧི་ཧྲང་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ནཱ་ཀྲ་ལི་ཡིས་ཉིན་དེར་གསར་འགྱུར་ལས་རིགས་ལ་ཐེངས་འདིའི་གཏེར་ཁའི་རྡིབས་སྐྱོན་དོན་རྐྱེན་བདེན་དཔང་བྱས་པར་མ་ཟད། རྒུད་སྐྱོབ་བྱ་བ་སྔར་བཞིན་ཛ་དྲག་གིས་སྤེལ་བཞིན་ཡོད་པའི་ཚུལ་བསྟན། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།