ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེའི་ཙུང་ཐུང་གིས་དབྱི་རག་བར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2019-01-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཚེས་གསུམ་ཉིན་བསྟན་དོན། ཐུར་ཁེ་ཡིས་དབྱི་རག་བར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་མཉམ་ལས་གཏིང་ཟབ་ཏུ་སྤེལ་འདོད་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་ཉིན་དེར་འཚམས་འདྲིར་ཡོང་བའི་དབྱི་རག་གི་ཙུང་ཐུང་སཱ་ལེ་ཧི་དང་གྲོས་མོལ་བྱས་རྗེས་ཀྱི་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཁུའུ་ཨར་ཏི་བཟོ་བའི་ཏང་སོགས་རྩ་འཛུགས་ཀྱིས་ཐུར་ཁེ་དང་དབྱི་རག་རྒྱལ་ཁབ་གཉིས་ལ་འཇིགས་ཉེན་བཟོ་བཞིན་ཡོད་པས། ཐུར་ཁེ་ཡིས་དབྱི་རག་བར་གྱི་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་བདེ་འཇགས་མཉམ་ལས་ཇེ་ཟབ་ཏུ་གཏོང་འདོད་ཡོད་ཟེར། 

ཨེ་ཨར་ཏའོ་ཨན་གྱིས་བསྟན་དོན། དབྱི་རག་གི་རྒྱལ་ཁབ་གཅིག་གྱུར་དང་མངའ་ཁོངས་ཆ་ཚང་ཡོང་བ། བདེ་འཇགས་དང་གཏན་འཇགས་བཅས་ལ་སྲུང་སྐྱོབ་བྱེད་པ་ནི་ཐུར་ཁེའི་དབྱི་རག་སྲིད་ཇུས་ཀྱི་རྐང་འཛུགས་ས་ཡིན། ཐུར་ཁེ་ཡིས་དབྱི་རག་ལ་རོགས་རམ་བྱས་ནས་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་བྱ་བ་སྤེལ་འདོད་ཡོད་པར་མ་ཟད། ཕྱོགས་གཉིས་ཀྱི་རྒྱལ་སྲུང་བཟོ་ལས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བྱེད་འདོད་ཡོད་ཟེར། 

སཱ་ལེ་ཧི་ཡིས་མཉམ་འབྲེལ་གྱི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བསྟན་དོན། ཐུར་ཁེ་ཡིས་དབྱི་རག་གི་འཐབ་འཁྲུག་རྗེས་ཀྱི་བསྐྱར་འཛུགས་ཁྲོད་བྱས་རྗེས་འཇོག་པར་རེ་སྒུག་བྱེད་བཞིན་ཡོད་ལ། དབྱི་རག་དང་ཐུར་ཁེ་རྒྱལ་ཁབ་གཉིས་ཀྱིས་དཔུང་བ་མཉམ་གཤིབ་ཀྱིས་མཐུན་སྒྲིལ་མཉམ་གནས་བྱེད་དགོས་ཟེར། 
ཐུར་ཁེའི་ཤར་ལྷོའི་ཕྱོགས་ནས་དབྱི་རག་གི་བྱང་ཕྱོགས་བར་འབྲེལ་ཡོད་ཅིང་། ཉེ་བའི་ལོ་འགའི་རིང་ལ། ཐུར་ཁེ་ཡིས་ཐེངས་མང་བོར་དབྱི་རག་གི་མངའ་ཁོངས་ནས་ཁུའུ་ཨར་ཏི་བཟོ་བའི་ཏང་གི་དྲག་ཆས་པར་བར་སྣང་འཇབ་རྒོལ་བྱས། ཁུའུ་ཨར་ཏི་བཟོ་བའི་ཏང་དེ་ཐུར་ཁེའི་སྲིད་གཞུང་གིས་འཇིགས་སྐུལ་རྩ་འཛུགས་ཀྱི་གྲས་སུ་བཞག་ཡོད་པ་རེད། ཉིས་སྟོང་བཅུ་བདུན་ལོའི་ཟླ་དགུ་བར། དབྱི་རག་ཁུའུ་ཨར་ཏི་རང་སྐྱོང་ས་ཁུལ་གྱིས་རང་བཙན་བྱེད་པར་དམངས་ཡོངས་ཀྱིས་བརྡས་ཐག་གཅོད་པའི་འདེམ་ཤོག་འཕངས་པར་དམིགས་ཏེ། ཐུར་ཁེ་དང་དབྱི་རག་རྒྱལ་ཁབ་གཉིས་ཀྱིས་མཐའ་མཚམས་ས་ཁུལ་ནས་མཉམ་འབྲེལ་དམག་དོན་སྦྱོང་བརྡར་བྱ་འགུལ་སྤེལ་བ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།