ཀྲུང་གོ་བོད་ཀྱི་དྲ་བ།

སི་རི་ཡའི་སྲིད་གཞུང་དམག་གིས་སི་རི་ཡའི་བྱང་ཕྱོགས་ཀྱི་མན་པེ་ཅི་ས་ཁུལ་དུ་བཅའ་སྡོད་བྱས་པ་ཁྱབ་བསྒྲགས་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སི་རི་ཡའི་སྲིད་གཞུང་དམག་གིས་ཚེས་ཉེར་བརྒྱད་ཉིན་སི་རི་ཡའི་བྱང་ཕྱོགས་ཀྱི་མན་པེ་ཅི་ས་ཁུལ་དུ་བཅའ་སྡོད་བྱས་པ་ཁྱབ་བསྒྲགས་བྱས། ཉིན་དེར་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པ་དེས་མན་པེ་ཅི་ནས་ཕྱིར་འཐེན་བྱས་པ་ཁྱབ་བསྒྲགས་བྱས།

སི་རི་ཡའི་དྲག་ཆས་དམག་དཔུང་གི་དམག་སྤྱི་ཁང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས། མན་པེ་ཅི་ས་ཁུལ་དུ་བཅའ་སྡོད་བྱས་པར་མ་ཟད་ས་དེ་ནས་སི་རི་ཡའི་རྒྱལ་དར་བསྒྲེངས་པ་ཁྱབ་བསྒྲགས་བྱས། གསལ་བསྒྲགས་ནང་དུ་བཤད་རྒྱུར། འགུལ་སྐྱོད་དེའི་དམིགས་ཡུལ་ནི་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པའི་ལས་འགན་ཕྲག་ཏུ་ལེན་རྒྱུ་དེ་ཡིན་ལ། མན་པེ་ཅི་ས་ཁུལ་གྱི་མང་ཚོགས་ཀྱི་རེ་འདོད་སྐོང་རྒྱུ་དེ་ཡིན་ཟེར། སི་རི་ཡའི་དམག་ཕྱོགས་ཀྱིས་སི་རི་ཡའི་རྒྱལ་དམངས་ཐམས་ཅད་ཀྱིས་མཐུན་སྒྲིལ་གཅིག་གྱུར་སྒོས་རྒྱལ་ཁབ་ཀྱི་བདག་དབང་ལ་སྲུང་སྐྱོབ་བྱེད་པ་དང་། འཇིགས་སྐུལ་རིང་ལུགས་ལ་མཉམ་དུ་འགོག་རྒོལ་བྱས་ཏེ། བཙན་འཛུལ་པ་རྣམས་ཕྱིར་བདའ་དགོས་པའི་འབོད་སྐུལ་བཏང་།

མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཉིན་དེར་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཐུར་ཁེའི་བཙན་འཛུལ་གྱིས་སི་རི་ཡའི་བྱང་ཕྱོགས་ཀྱི་མང་ཚོགས་ཀྱི་བདེ་འཇགས་ལ་འཇིགས་སྣང་བཟོས་པས། མི་དམངས་སྲུང་སྐྱོབ་དམག་དཔུང་མན་པེ་ཅི་ནས་ཕྱིར་འཐེན་བྱེད་རྒྱུ་མ་ཟད། སི་རི་ཡའི་སྲིད་གཞུང་དམག་ས་ཁུལ་དེ་ནས་བཅའ་སྡོད་བྱེད་པར་གདན་འདྲེན་ཞུས་པ་ཡིན་ཟེར། གསལ་བསྒྲགས་ནང་དུ་ད་དུང་བཤད་རྒྱུར། མི་དམངས་སྲུང་སྐྱོབ་དམག་དཔུང་གིས་ཡུལ་ཧྥ་ལ་ཏེ་གཙང་བའི་ཤར་ཕྱོགས་ཀྱི་གཡུལ་ས་ཁག་ནས་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་དམག་འཁྲུག་རྒྱག་པར་གཙིགས་འཛིན་བྱེད་རྒྱུ་ཡིན་ཟེར།

མན་པེ་ཅི་ནི་སི་རི་ཡའི་བྱང་ཕྱོགས་ཀྱི་ཨ་ལེ་ཕོ་ཞིང་ཆེན་དུ་ཡོད་ལ། ཐུར་ཁེའི་མཐའ་མཚམས་དང་ཐག་ཉེ། ས་དེའི་ཕལ་ཆེ་བ་ཨ་མེ་རི་ཁས་རྒྱབ་སྐྱོར་བྱེད་པའི་སི་རི་ཡའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་སི་རི་ཡའི་དམངས་གཙོའི་དམག་ཅེས་པ་དེས་ཚོད་འཛིན་བྱས་ཡོད། ཐུར་ཁེ་ཕྱོགས་ཀྱིས་མི་དམངས་སྲུང་སྐྱོབ་དམག་ནི་ཐུར་ཁེའི་སྲིད་གཞུང་ལ་ངོ་རྒོལ་བྱེད་པའི་རྩ་འཛུགས་ཁུའུ་ཨར་ཏི་བཟོ་པའི་ཏང་ཞེས་པ་དེའི་སི་རི་ཡའི་ཡན་ལག་རྩ་འཛུགས་ཡིན་པས། འཇིགས་སྐུལ་རྩ་འཛུགས་ཀྱི་ཁོངས་སུ་གཏོགས་ཞེས་བཤད། ཡིན་ནའང་ཨ་མེ་རི་ཁས་རྒྱུན་དུ་ཁུའུ་ཨར་ཏི་རིགས་ཀྱིས་གཙོ་ཁྲིད་བྱས་པའི་སི་རི་ཡའི་དམངས་གཙོའི་དམག་ཅེས་པ་དང་མི་དམངས་སྲུང་སྐྱོབ་དམག་དཔུང་ཞེས་པར་མཉམ་ལས་ཟབ་མོ་བྱས་ཏེ། ཐུར་ཁེ་ཕྱོགས་ཀྱིས་ཨ་མེ་རི་ཁས་མན་པེ་ཅི་ས་ཁུལ་གྱི་ཁུའུ་ཨར་ཏིའི་དྲག་ཆས་མི་སྣ་གཙང་སེལ་བྱ་དགོས་པའི་རེ་བ་ཐེངས་མང་བཏོན་མྱོང་།

ཉིས་སྟོང་བཅུ་དྲུག་ལོའི་ཚུན་ལ། ཐུར་ཁེས་ཐེངས་གཉིས་ལ་མངའ་ཁོངས་ལས་བརྒལ་བའི་དམག་དོན་འགུལ་སྐྱོད་སྤེལ་ཏེ། སི་རི་ཡའི་མངའ་ཁོངས་ཀྱི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ལ་རྒོལ་རྡུང་བྱས་མྱོང་། ཟླ་འདི་འགའི་རིང་ལ། ཐུར་ཁེས་ཐེངས་མང་པོར་ཐུར་ཁེ་དང་སི་རི་ཡའི་མཐའ་མཚམས་ལ་དམག་བསྣན་པར་མ་ཟད། སི་རི་ཡའི་མངའ་ཁོངས་སུ་ཡང་མུ་མཐུད་དུ་དམག་བསྣན།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།