ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེས་སི་རི་ཡའི་བྱང་ཕྱོགས་སུ་དམག་བསྣན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ལུའུ་ཐི་གསར་འགྱུར་ཁང་གིས་ཚེས་ཉེར་གསུམ་ཉིན་ཐུར་ཁེའི་ཏི་མུས་ལོ་ལུན་གསར་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་བརྒྱུད་འགོད་བྱས་པ་ལྟར་ན། ཐུར་ཁེས་སི་རི་ཡ་དང་འབྲེལ་བའི་མཐའ་མཚམས་སུ་དམག་དཔུང་ཁ་སྣོན་བྱས་པ་དང་། དམག་འཁོར་བརྒྱ་ཙམ་ས་ཁུལ་དེར་ཐོན་ལ། དེའི་ནང་དུ་རླངས་འཁོར་ཆེན་པོ་དང་མཚོན་ཆ་དྲག་པོའི་རིགས་ཡོད་ཟེར།

གསར་འགྱུར་དེའི་ནང་དུ་ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏོ་ཨན་གྱི་སྐད་ཆ་དྲངས་པ་ལྟར་ན། ཨ་མེ་རི་ཁས་སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱས་པ་བསྒྲགས་རྗེས། ཐུར་ཁེས་སི་རི་ཡའི་བྱང་ཕྱོགས་ཀྱི་ཡུག་ཧྥ་ལ་ཏེ་གཙང་བོའི་ཤར་འགྲམ་དུ་འགུལ་སྐྱོད་བྱེད་བཞིན་པའི་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་ལ་རྒོལ་རྡུང་བྱེད་པའི་དམག་དོན་འགུལ་སྐྱོད་རྗེས་སུ་བསྣུར་བ་ཡིན་ཟེར།

ཏི་མུས་ལོ་ལུན་གསར་འགྱུར་ཁང་གིས་བསྒྲགས་རྒྱུར། ཐུར་ཁེའི་ལྷོ་ཕྱོགས་ཀྱི་ཧ་ཐ་དབྱི་ཞིང་ཆེན་གྱི་ཅི་ལེ་སི་ས་ཁུལ་དུ་ཐོན་པའི་ཐུར་ཁེའི་དམག་དཔུང་ལ་ཐན་ཁི་འཁོར་ལོ་དང་། མེ་སྒྱོགས། བསྟུད་རྒྱག་མེ་མདའ་སོགས་ཡོད་ལ། དམིགས་བསལ་དམག་མི་དྲུད་པའི་སྐྱེལ་འདྲེན་རླངས་འཁོར་ཡང་དེའི་རྗེས་སུ་འབྲངས་ཡོད་ཟེར།

ཏི་མུས་ལོ་ལུན་གསར་འགྱུར་ཁང་གིས་ད་དུང་བཤད་རྒྱུར། དམག་དོན་སྒྲིག་ཆས་དང་མི་སྣ་ཁ་ཤས་མཐའ་མཚམས་ས་རྟགས་ཀྱི་སོ་ལྟ་ཁང་དུ་བཀོད་སྒྲིག་བྱེད་རྒྱུ་ཡིན་པ་དང་། དམག་མི་སྐོར་ཞིག་ཨེ་ར་པེ་ལེ་ས་ཁུལ་བརྒྱུད་དེ་སི་རི་ཡའི་མངའ་ཁོངས་སུ་ཐོན་ཡོད་ཟེར།

ཨེ་ཨར་པེ་ལེ་ནི་སི་རི་ཡའི་བྱང་ཕྱོགས་ཀྱི་མན་པེ་ཅི་ས་ཁུལ་གྱི་ནུབ་བྱང་ཕྱོགས་ཀྱི་སྤྱི་ལེ་ཞེ་ལྔའི་མཚམས་སུ་ཡོད་ལ། མན་པེ་ཅི་དང་ཐུར་ཁེ་དང་ཨ་མེ་རི་ཁའི་རྩོད་གཞི་ཆེས་ཆེ་ས་རེད།

ད་ལོའི་ཟླ་དྲུག་པར། བྱང་ཆིངས་རྩ་འཛུགས་ཀྱིས་གྲོས་མཐུན་བཀོད་ནས། ཁུའུ་ཨར་ཏི་རིགས་དྲག་ཆས་རྩ་འཛུགས་མན་པེ་ཅི་ནས་བདའ་རྒྱུར་འཐད་པ་བྱུང་བ་དང་། ཐུར་ཁེས་འཆར་གཞི་དེ་འགོར་འགྱངས་བྱས་པར་ལེ་བདའ་བྱེད་བཞིན་ཡོད།

ཐུར་ཁེའི་རྒྱལ་ཁབ་བརྙན་འཕྲིན་ཁང་་གིས་བསྒྲགས་པ་ལྟར་ན། ཐུར་ཁེའི་དམག་དཔུང་ཁ་ཤས་ཐུར་ཁེའི་ཤར་ལྷོ་ཕྱོགས་ཀྱི་ཅ་ཅི་ཨན་ཐའེ་ཕུའུ་ཞིང་ཆེན་གྱི་མཐའ་མཚམས་གྲོང་རྡལ་ཁ་ཨར་ཁ་མུས་ནས་སི་རི་ཡའི་ཕྱོགས་སུ་སོང་ཟེར།

ཐུར་ཁེའི་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་བཤད་རྒྱུར། རླངས་འཁོར་དེ་དག་ཐུར་ཁེའི་བར་འབྲེལ་བ་བཟང་བའི་དྲག་ཆས་རྩ་འཛུགས་སི་རི་ཡའི་རང་དབང་དམག་ཅེས་པ་དེས་ཚོད་འཛིན་བྱས་ཡོད་པའི་ས་ཁུལ་དུ་འགྲོ་བཞིན་པར་མ་ཟད། མན་པེ་ཅིའི་གཡུལ་སར་འགྲོ་རྒྱུ་རེད་ཟེར།

བསྒྲགས་པའི་གནས་ཚུལ་ལྟར་ན། ཐུར་ཁེ་དང་འབྲེལ་བ་བཟང་བའི་དྲག་ཆས་རྩ་འཛུགས་ཀྱི་རྒྱབ་སྐྱོར་འོག་ཏུ། ཐུར་ཁེས་སི་རི་ཡའི་བྱང་ཕྱོགས་ནས་ཁུའུ་ཨར་ཏི་དྲག་ཆས་རྩ་འཛུགས་དང་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པར་མངའ་ཁོངས་བརྒལ་བའི་རྒོལ་རྡུང་ཐེངས་གཉིས་ལ་བྱས་པ་དང་། རྒོལ་རྡུང་དེ་གཉིས་ནི་ཡུག་ཧྥ་ལ་ཏེ་གཙང་བོའི་ནུབ་ཕྱོགས་ས་ཁུལ་དུ་སྤེལ་བ་རེད། ཐུར་ཁེས་མུ་མཐུད་དུ་ཤར་ཕྱོགས་སུ་རྒོལ་རྡུང་མ་བྱས་པ་ནི་ཨ་མེ་རི་ཁའི་དམག་དཔུང་བར་ཐད་ཀར་དུ་འགལ་བ་མི་འབྱུང་བའི་ཆེད་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།