ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་ལང་གི་གསར་འགྱུར་ལས་ཁུངས་ཀྱིས་བསྒྲགས་པ་ལྟར་ན་དབྱི་ལང་གིས་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དང་གྲོས་མོལ་བྱས་པ་ཐོག་དང་པོར་ཁས་བླངས་ཟེར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལང་གི་གསར་འགྱུར་ལས་ཁུངས་ཀྱིས་ཚེས་ཉེར་དྲུག་ཉིན་དབྱི་ལང་གི་མཐོ་རིམ་དཔོན་རིགས་ཀྱི་སྐད་ཆ་དྲངས་པ་ལྟར་ན། དབྱི་ལང་ཕྱོགས་ནས་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ལ་འབྲེལ་འདྲིས་བྱས་པར་མ་ཟད་གྲོས་མོལ་བྱས་མྱོང་ཟེར། གསར་འགྱུར་ལས་ཁུངས་ཁ་ཤས་ཀྱི་བཤད་ཚུལ་ལྟར་ན། དེ་ནི་དབྱི་ལང་དཔོན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དང་གྲོས་མོལ་བྱས་པ་ཐོག་དང་པོར་ཁས་བླངས་པ་རེད་ཟེར།

དབྱི་ལང་གི་ཐ་སི་ཉི་མུའུ་གསར་འགྱུར་ཁང་གིས་བསྒྲགས་པའི་གསར་འགྱུར་ལྟར་ན། དབྱི་ལང་གི་རྒྱལ་ཁབ་ཆེས་མཐོའི་བདེ་འཇགས་ཨུ་ཡོན་ལྷན་ཁང་གི་དྲུང་ཡིག་ཆེན་མོ་ཧྲ་མུའུ་ཧ་ཉི་ཡིས་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱེད་སྐབས་གནས་ཚུལ་དེ་ཁྱབ་བསྒྲགས་བྱས་པ་རེད་ཟེར།

ཧྲ་མུའུ་ཧ་ཉི་ཡིས་གསར་འགོད་པར་བཤད་རྒྱུར། ང་ཚོས་ཨ་ཧྥུའུ་ཧན་ཕྱོགས་ང་ཚོ་དང་ཐ་ལེ་པན་གྱིས་འབྲེལ་འདྲིས་དང་གྲོས་མོལ་བྱས་པའི་གནས་ཚུལ་བསྒྲགས་པ་ཡིན་ལ། བརྒྱུད་རིམ་དེ་ད་དུང་རྒྱུན་འཁྱོངས་བྱེད་ངེས་ཟེར། ཡིན་ནའང་ཁོས་གྲོས་མོལ་གྱི་དུས་ཚོད་དང་ས་གནས། ནང་དོན་བཅས་གསལ་པོར་མ་བཤད།

ཧྲ་མུའུ་ཧ་ཉི་ཡིས་བཤད་རྒྱུར། དབྱི་ལང་ནི་ནམ་ཡིན་རུང་ས་ཁུལ་གཏན་འཇགས་ཀྱི་སྟོབས་ཤུགས་གཙོ་བོ་ཞིག་ཡིན་ལ། དབྱི་ལང་དང་ཨ་ཧྥུའུ་ཧན་རྒྱལ་ཁབ་གཉིས་བར་གྱི་མཉམ་ལས་ཀྱིས་ཨ་ཧྥུའུ་ཧནན་གྱི་ད་ལྟའི་བདེ་འཇགས་གནད་དོན་ཐག་གཅོད་པར་རོགས་རམ་བྱེད་ཐུབ་པ་ཤ་སྟག་ཡིན་ཟེར།

ཐ་སི་ཉི་མུའུ་གསར་འགྱུར་ཁང་གི་གསར་འགོད་པ་ཨ་སི་ལ་ཉི་ཡིས་དྲ་ཚིགས་སྟེང་འཕྲིན་ཐུང་སྤེལ་ནས། དེ་ནི་དབྱི་ལང་དཔོན་ཕྱོགས་ཀྱིས་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དང་གྲོས་མོལ་བྱས་པ་ཐོག་དང་པོར་ཁས་བླངས་པ་རེད་ཅེས་བཤད།

ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་མགྲིན་ཚབ་པས་བདེན་དཔང་བྱེད་རྒྱུར། ཐ་ལེ་པན་གྱི་འཐུས་ཚབ་པས་གཟའ་འཁོར་སྔོན་མར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་ཡང་བསྐྱར་ཨ་མེ་རི་ཁའི་དཔོན་རིགས་ལ་ཐུག་འཕྲད་བྱས་ཏེ། ཨ་ཧྥུའུ་ཧན་གྱི་གནས་བབ་ལ་གྲོས་སྡུར་བྱས་པ་ཡིན། ཐ་ལེ་པན་གྱི་འཐུས་ཚབ་པས་ད་དུང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་ཕ་ཁི་སི་ཐན། སོ་ཏི་ཨ་རབ་བཅས་ཀྱིས་མངགས་པའི་འཐུས་ཚབ་པར་ཡང་ཐུག་འཕྲད་བྱས་ཡོད། ཨ་ཧྥུའུ་ཧན་སྲིད་གཞུང་གིས་འཐུས་ཚབ་ཚོགས་པ་མངགས་མོད། ཐ་ལེ་པན་གྱིས་སྲིད་གཞུང་ཕྱོགས་ལ་གྲོས་མོལ་མ་བྱས་ཟེར།

ཨ་ཧྥུའུ་ཧན་ཐ་ལེ་པན་གྱི་མི་མང་པོས་དེ་སྔོན་བཤད་རྒྱུར། ཨ་ཧྥུའུ་ཧན་སྲིད་གཞུང་གི་འཐུས་ཚབ་པ་མེད་པའི་གནས་ཚུལ་འོག ཐ་ལེ་པན་དང་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཟླ་འགའི་རིང་ལ་ཁ་ཐར་ནས་གྲོས་མོལ་ཐེངས་མང་བྱས་པ་ཡིན་ལ། གནས་ཚུལ་འདི་ཨ་མེ་རི་ཁ་ཕྱོགས་ཀྱིས་ཁས་མི་ལེན་ཐབས་མེད་ཡིན་ཟེར།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་ཡིས་ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ལ་སྔོན་འགྲོ་ཆ་རྐྱེན་ཅི་ཡང་མེད་པར་ཐ་ལེ་པན་དང་ཞི་བའི་གྲོས་མོལ་བྱས་ཏེ། དྲག་ཆས་རྩ་འཛུགས་དེ་ཆབ་སྲིད་ཏང་ཁག་ཞིག་ཏུ་བརྩིས་ནས་སྲིད་དོན་ཁྲོད་ཞུགས་སུ་འཇུག་འདོད་ཡོད་ཅེས་བཤད་མྱོང་།

ཨ་ཧྥུའུ་ཧན་ཐ་ལེ་པན་དྲག་ཆས་རྩ་འཛུགས་ཀྱིས་མིག་སྔའི་བར་དུ་ཅ་ཉི་ཡི་གྲོས་གཞི་དེར་དངོས་སུ་ལན་བཏབ་མེད་མོད། ཡིན་ནའང་སྔོན་་ལ་ཨ་མེ་རི་ཁར་གྲོས་མོལ་བྱེད་རྒྱུ་དང་། དེ་ནས་ཨ་ཧྥུའུ་ཧན་སྲིད་གཞུང་ལ་གྲོས་མོལ་བྱེད་རྒྱུའི་རེ་བ་ཐེངས་མང་བཏོན་མྱོང་།

ཧྥ་རན་སིའི་གསར་་འགྱུར་ཁང་གིས་བསྒྲགས་པའི་གནས་ཚུལ་ལྟར་ན། དབྱི་ལང་དང་ཨ་ཧྥུའུ་ཧན་བར་གྱི་མཐའ་མཚམས་ས་རྟགས་ཀྱི་རིང་ཚད་ལ་སྤྱི་ལེ་དགུ་བརྒྱ་ལྷག་ཡོད་པ་དང་། རྒྱལ་ཁབ་གཉིས་ཀྱི་ཉེ་བའི་ལོ་བཅུ་ཕྲག་འགའི་འབྲེལ་བ་ཅུང་རྙོག་འཛིང་ཡིན་ཟེར།

དུས་རབས་སྔོན་མའི་ལོ་རབས་དགུ་བཅུ་པར་ཐ་ལེ་པན་གྱིས་ཨ་ཧྥུའུ་ཧན་ལ་དབང་སྒྱུར་སྐབས། དབྱི་ལང་གིས་རྒྱབ་སྐྱོར་བྱེད་པའི་ཨ་ཧྥུའུ་ཧན་གྱི་ཧྲི་ཡེ་ཕྱཡོགས་ཁག་གི་གྲངས་ཉུང་མི་རིགས་ཀྱིས་ཐ་ལེ་པན་གྱི་གནོད་པ་ཆེན་པོ་མྱངས། ཐ་ལེ་པན་གྱི་དྲག་ཆས་མི་སྣས་གཅིག་སྟོང་དགུ་བརྒྱ་གོ་བརྒྱད་ལོར་བྱང་ཕྱོགས་ཀྱི་གྲོང་ཁྱེར་མཱ་ཀྲ་ལེ་ཧྲ་ལེ་ཧྥུའུ་ན་ཡོད་པའི་དབྱི་ལང་གི་གཞུང་ཚབ་ཁང་ལ་འཇབ་རྒོལ་བྱས་ཏེ། དབྱི་ལང་གི་ཕྱི་འབྲེལ་དཔོན་པོ་བསད་པས། ཕྱོགས་གཉིས་ཀྱི་འབྲེལ་བ་ཧ་ཅང་ཛ་དྲག་ཏུ་གྱུར།

རྗེས་སུ་ཨ་ཧྥུའུ་ཧན་གྱི་དམག་འཁྲུག་སྐབས་སུ། དབྱི་ལང་གིས་ཨ་མེ་རི་ཁར་གཞོགས་བྱས་ཏེ་ཐ་ལེ་པན་སྲིད་སྟེགས་ལས་ཕབ་པར་མ་ཟད་ཨ་མེ་རི་ཁས་སྐྱོར་བའི་ཨ་ཧྥུའུ་ཧན་སྲིད་གཞུང་གསར་པར་འབྲེལ་འདྲིས་བཟང་པོ་བྱས། ཡིན་ནའང་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་དབྱི་ལང་གི་དབྱི་སི་ལན་གསར་བརྗེ་སྲུང་དམག་གིས་ཉེ་བའི་ལོ་འགའི་རིང་ལ་ཨ་ཧྥུའུ་ཧན་ཐ་ལེ་པན་བར་དུ་འབྲེལ་བ་བཙུགས་ནས། ཨ་མེ་རི་ཁའི་དམག་དཔུང་ཨ་ཧྥུའུ་ཧན་ནས་བདའ་རྩིས་འདུག་ཅེས་སྐྱོན་བརྗོད་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།