ཀྲུང་གོ་བོད་ཀྱི་དྲ་བ།

ཐི་ལང་ཕུའུ་ཡིས་གློ་བུར་དུ་དབྱི་རག་ན་ཡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་འཚམས་འདྲི་བྱས་ཏེ་ཨ་མེ་རི་ཁ་མུ་མཐུད་དུ་འཛམ་གླིང་གི་ཉེན་རྟོག་པ་ལྟ་བུ་བྱེད་མི་སྲིད་ཅེས་བཤད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡིས་ཚེས་ཉེར་དྲུག་ཉིན་གསང་བའི་སྒོ་ནས་དབྱི་རག་ལ་སོང་སྟེ། དབྱི་རག་ཏུ་སྡོད་པའི་ཨ་མེ་རི་ཁའི་དམག་དཔུང་ལ་འཚམས་འདྲི་བྱས།

འདི་ནི་ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་ཨ་མེ་རི་ཁའི་དམག་དཔུང་གི་གཡུལ་སར་ཐེངས་དང་པོར་འཚམས་འདྲི་བྱས་པ་རེད། ཁོས་བཤད་རྒྱུར། ཨ་མེ་རི་ཁ་མུ་མཐུད་དུ་འཛམ་གླིང་གི་ཉེན་རྟོག་པ་ལྟ་བུ་བྱེད་མི་སྲིད་པ་དང་། སི་རི་ཡ་ནས་དམག་དཔུང་ཕྱིར་འཐེན་བྱས་ནའང་། དབྱི་རག་ནས་དམག་དཔུང་ཕྱིར་འཐེན་བྱ་རྩིས་མེད་ལ། དེ་ནི་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཁོངས་མི་ལྷག་མ་རྣམས་ལ་མུ་མཐུད་དུ་རྒོལ་རྡུང་བྱེད་པའི་ཆེད་ཡིན་ཟེར།

ཐི་ལང་ཕུའུ་དང་ཁོའི་ལྕམ་མོ་མཱེ་ལཱ་ཉི་ཡ་གཉིས་ས་དེའི་ཚེས་ཉེར་ལྔ་ཉིན་གྱི་ནམ་གུང་ཨ་མེ་རི་ཁའི་རྒྱལ་ས་ཝ་ཧྲིན་ཏོན་ཉེ་འདབས་ཀྱི་ཨ་མེ་རི་ཁའི་དམག་དཔུང་གི་ཨན་ཏི་ལུའུ་སི་མཉམ་འབྲེལ་རྟེན་གཞི་ནས་ལམ་ལ་ཆས་ཏེ། མཁའ་དམག་དང་པོ་རྟགས་ཅན་གྱི་ཙུང་ཐུང་གི་ཆེད་སྤྱོད་གནམ་གྲུར་བསྡད་དབྱི་རག་ལ་སོང་བ་དང་། ཚེས་ཉེར་དྲུག་ཉིན་དབྱི་རག་གི་རྒྱལ་ས་པ་ཀི་ཏའི་ནུབ་ཕྱོགས་ཀྱི་ཨ་སཱ་ཏི་མཁའ་དམག་རྟེན་གཞིར་ཐོན།

ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལག་རོགས་ལྗོན་པོ་ཨར་མ་གཏོགས། མཐོ་རིམ་དཔོན་རིགས་དང་ཡང་ན་རྒྱལ་ཚོགས་ཀྱི་ཁོངས་མི་གཞན་པ་གཅིག་ཀྱང་ཐི་ལང་ཕུའུ་ལ་འགྲོགས་ནས་སོང་མེད།

ཐི་ལང་ཕུའུ་ཡིས་དམག་སྒར་ནས་ཨ་མེ་རི་ཁའི་དམག་མི་ལ་ལག་འཇུ་བྱས་པ་དང་མཉམ་པར་བླངས་པར་མ་ཟད། ཨ་མེ་རི་ཁ་ཕྱོགས་ཀྱི་ཞི་དྲག་དཔོན་རིགས་ལ་ཐུག་འཕྲད་བྱས། ཁོས་ད་དུང་དཔོན་དམག་རྣམས་ལ་ཁ་བརྡ་བྱས།

ཐི་ལང་ཕུའུ་བཟའ་ཟླ་གཉིས་དམག་སྒར་དེ་ནས་དུས་ཚོད་གསུམ་དང་ཕྱེད་ཀ་ཙམ་ལ་བསྡད་རྗེས་དབྱི་རག་དང་བྲལ། ཕྱིར་ལོག་པའི་ལམ་བར་ནས་མཁའ་དམག་དང་པོ་རྟགས་ཅན་གྱི་གནམ་གྲུ་འཇར་མན་གྱི་ལའ་མུའུ་ཧྲི་ཐའེ་དབྱིན་མཁའ་དམག་རྟེན་གཞི་ལ་བབས་པ་དང་། ཐི་ལང་ཕུའུ་གནམ་གྲུ་ལས་བབས་ཏེ། དམག་སྒར་དེ་ན་ཡོད་པའི་ཨ་མེ་རི་ཁའི་དམག་མི་རྣམས་ལ་འཚམས་འདྲི་བྱས།

གསར་འགྱུར་ལས་ཁུངས་མང་པོས་ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་རྗེས་ཐོག་དང་པོར་གཡུལ་སར་སོང་ནས་ཨ་རིའི་དམག་མི་ལ་འཚམས་འདྲི་བྱས་ཞེས་པ་ཁ་བྱང་དུ་བྱས་ཏེ་གནས་ཚུལ་དེའི་སྐོར་བསྒྲགས་ཡོད།

ཐི་ལུའུ་ཕུའུ་ཡིས་ཨ་མེ་རི་ཁས་རྒྱལ་ཁབ་གཞན་ནས་གཡུལ་བཤམས་པར་འགྲོ་སྒོ་མང་པོ་བཏང་ཡོད་པ་དང་། དེའི་ཕན་ཁེ་རེག་མཁན་ནི་ཨ་མེ་རི་ཁའི་མནའ་གྲོགས་དག་ཡིན་པར་འདོད་ཡོད། སྔོན་ཆད་ཀྱི་ཙུང་ཐུང་བྷོ་ཧྲི་དང་ཨོ་པ་མ་གཉིས་ལ་མི་འདྲ་བ་ནི། ཐི་ལང་ཕུའུ་ཡིས་ཙུང་ཐུང་གི་འགན་ཁུར་ནས་ད་ལྟའི་བར་དུ་གཡུལ་སར་འཚམས་འདྲིར་ཐེངས་གཅིག་ལ་ཡང་མ་སོང་བས། དམག་ཕྱོགས་ཀྱི་མི་འགས་དེར་སྐྱོན་བརྗོད་བྱེད་བཞིན་ཡོད། ཐི་ལང་ཕུའུ་ཡིས་ཟླ་བཅུ་པའི་ནང་ཨ་མེ་རི་ཁའི་མཉམ་འབྲེལ་ཁང་གི་གསར་འགོད་པར་ཁོ་ནམ་ཞིག་ལ་གཡུལ་སར་འཚམས་འདྲིར་འགྲོ་རྒྱུ་ཡིན་ནའང་། ཁོས་བལྟས་ན་དེ་ནི་ཧ་ཅང་གལ་ཆེ་བ་ཞིག་མ་རེད་འདོད་ཅེས་བཤད་མྱོང་།

ཐི་ལང་ཕུའུ་ཡིས་ཚེས་བཅུ་དགུ་ཉིན་ཨ་མེ་རི་ཁའི་དམག་སྲིད་ལས་རིགས་ཀྱི་ངོ་རྒོལ་བྱེད་མཁན་དག་ལ་མ་འཛེམས་པར་སི་རི་ཡ་ནས་ཨ་མེ་རི་ཁའི་དམག་དཔུང་ཕྱིར་འཐེན་བྱེད་རྒྱུ་ཡིན་ཞེས་བསྒྲགས་པས། དམག་ཁོངས་ནས་ཐོན་པའི་རྒྱལ་སྲུང་དཔོན་པོ་མཱ་ཏེ་སི་ཁོང་ཁྲོ་ལངས་ནས་འགན་ཁུར་མཚམས་བཞག གསར་འགྱུར་ལས་ཁུངས་མང་པོས་སྔོན་ཆད་བསྒྲགས་ཚུལ་ལྟར་ན། ཐི་ལང་ཕུའུ་ཡིས་ཨ་ཧྥུའུ་ཧན་ན་ཡོད་པའི་ཨ་མེ་རི་ཁའི་དམག་མི་ཕྱེད་ཀ་ཙམ་ཇེ་ཉུང་ལ་གཏོང་རྩིས་ཡོད་ཟེར།

ཐི་ལང་ཕུའུ་ཡིས་ཨ་སཱ་ཏི་དམག་སྒར་ནས་བཤད་རྒྱུར། ཨ་མེ་རི་ཁ་མུ་མཐུད་དུ་འཛམ་གླིང་གི་ཉེན་རྟོག་པ་ལྟ་བུ་བྱེད་མི་སྲིད། ང་ཚོའི་དམག་མི་འཛམ་གླིང་གི་ས་ཆ་སོ་སོར་ཁྱབ་ཡོད་ལ། ང་ཚོ་ཐ་ན་མི་མང་ཆེ་ཤོས་ཀྱིས་གོ་ཡང་མ་མྱོང་བའི་རྒྱལ་ཁབ་ན་ཡང་ཡོད། དོན་ངོ་མས་བཤད་ན་དེ་ནི་གླེན་རྟགས་རེད། གལ་ཏེ་ཁོ་ཚོས་ང་ཚོ་དམག་འཁྲུག་ཏུ་ཞུགས་དགོས་པའི་རེ་བ་བཏོན་ཚེ། ང་ཚོར་གྱོང་གུད་ཆེན་པོ་རེག་བཞིན་པས། ང་ཚོ་ད་ནས་བཟུང་གླེན་པ་བྱེད་མི་འདོད་ཟེར།

ཁོས་བཤད་རྒྱུར། ང་ཚོ་སི་རི་ཡ་ནས་དུས་གཏན་དུ་འདུག་མི་སྲིད་ལ། འདུག་རྒྱུའི་འཆར་གཞི་ཡང་རྩ་བ་ནས་མེད། ས་ཁུལ་དེའི་རྒྱལ་ཁབ་དག་གིས་ངེས་པར་དུ་སི་རི་ཡའི་མ་འོངས་པར་འགན་མང་ཙམ་ཁུར་དགོས་ཟེར།

ཐི་ལང་ཕུའུ་ཡིས་བཤད་རྒྱུར། ཨ་མེ་རི་ཁའི་དམག་དཔུང་མུ་མཐུད་དུ་དབྱི་རག་ནས་བསྡད་དེ། སི་རི་ཡའི་ཁྱིམ་མཚེས་རྒྱལ་ཁབ་དེ་ཟམ་པ་ལྟ་བུར་བྱས་ཏེ། དུས་ངེས་མེད་དུ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཁོངས་མི་ལྷག་མར་རྒོལ་རྡུང་བྱེད་པར་སྟབས་བདེ་བཟོ་རྒྱུ་ཡིན་ལ། གལ་ཏེ་ང་ཚོས་སི་རི་ཡ་ནས་དོན་དག་ཅི་ཞིག་བསྒྲུབ་བསམ་ན་ཡང་། ས་འདི་རྟེན་གཞི་རུ་བྱས་ཆོག གལ་ཏེ་ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པས་དོན་དག་ངན་པ་བསྒྲུབ་ཚེ། ང་ཚོས་མྱུར་དུ་དེར་རྒོལ་རྡུང་དྲག་པོ་བྱེད་ཐུབ་ཟེར།

ད་ལྟ་ཨ་མེ་རི་ཁའི་དཔོན་དམག་ལྔ་སྟོང་ཉིས་བརྒྱ་ཙམ་དབྱི་རག་ན་བསྡད་དེ། དབྱི་རག་གི་དམག་དཔུང་སྦྱོང་བརྡར་བྱེད་པ་དང་དེར་དམག་དོན་བློ་འདོན་གྱི་རོགས་རམ་བྱེད་བཞིན་པ་དང་མཉམ་དུ། ཐལ་སྤྱོད་རྩ་འཛུགས་དབྱི་སི་ལན་རྒྱལ་ཁབ་ཅེས་པ་དེའི་དབྱི་རག་མངའ་ཁོངས་ཀྱི་ཁོངས་མི་ལྷག་མ་རྣམས་ལ་རྒོལ་རྡུང་བྱེད་བཞིན་ཡོད།

ཕོ་བྲང་དཀར་པོའི་མགྲིན་ཚབ་པ་སང་ཏི་སི་ཡིས་གསར་འགོད་པར་བཤད་པ་ལྟར་ན། ཐི་ལང་ཕུའུ་ཡིས་དམག་སྒར་དང་ཨ་མེ་རི་ཁའི་མཐོ་རིམ་དམག་སྲིད་དཔོན་རིགས་ལ་ཐུག་འཕྲད་བྱས་ཏེ། འཆར་གཞི་དྲག་པོ་ཞིག་ལ་གྲོས་སྡུར་བྱས་ནས། མུ་མཐུད་རྒྱལ་ཁ་མཐའ་འཁྱོལ་ལེན་པར་སྟབས་བདེ་བཟོས་པ་དང་། འཆར་གཞི་དེ་མི་འགྱང་བར་ཁྱབ་བསྒྲགས་བྱ་རྒྱུ་ཡིན་ཟེར།

ཐེངས་འདིའི་འཚམས་འདྲིའི་ཁྲོད་ཐི་ལང་ཕུའུ་ཡིས་དབྱི་རག་གི་ཙུང་ལི་མའེ་ཧི་ཏེ་སོགས་དབྱི་རག་གི་མཐོ་རིམ་དཔོན་རིགས་ལ་ཐུག་འཕྲད་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།