ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་དང་ཨ་མེ་རི་ཁའི་འཐུས་མིས་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ནས་གྲོས་མོལ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-20
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་ཀྱི་འཐུས་མི་དང་ཨ་མེ་རི་ཁའི་དཔོན་རིགས་ཀྱིས་ཉེ་སྔོན་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱི་རྒྱལ་ས་ཨ་པུའུ་ཀྲ་པུས་ནས་གྲོས་མོལ་བྱས། གྲོས་མོལ་དེར་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་མགོ་འཛིན་བྱས་པ་དང་། སོ་ཏི་ཨ་རབ་དང་ཕཱ་ཁི་སི་ཐན་རྒྱལ་ཁབ་ཀྱིས་ཀྱང་འཐུས་མི་མངག་ཡོད། 

བསྒྲགས་པ་ལྟར་ན། ཚེས་བཅུ་བདུན་ཉིན་ནས་ཚེས་བཅོ་བརྒྱད་ཉིན་བར་སྤེལ་བའི་གྲོས་མོལ་ལ་འབྲེལ་ཡོད་ཕྱོགས་ཀྱིས་ཁས་ལེན་ཐོབ་པའི་ངོ་བོ་རང་བཞིན་གྱི་གྲུབ་འབྲས་གལ་ཆེན་ཐོབ་ཡོད་པ་རེད། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་བཤད་རྒྱུར། ཨ་ཧྥུའུ་ཧན་གྱི་ཞི་བའི་འགྲིག་མཐུན་འཕེལ་རིམ་ཡོངས་འགྲུབ་བྱེད་ཆེད། སྐབས་ཐེངས་གསར་བའི་གྲོས་མོལ་ཨ་པུའུ་ཀྲ་པུས་ནས་མུ་མཐུད་དུ་སྤེལ་རྒྱུ་ཡིན་པར་བཤད་ཀྱང་། ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་སྐོར་ཐེངས་གསར་བའི་གྲོས་མོལ་གྱི་བྱེ་བྲག་གི་དུས་ཚོད་གསལ་བོར་བསྒྲགས་མེད། 

ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་དང་སོ་ཏི་ཨ་རབ་ཕྱོགས་ཀྱིས་མཉམ་དུ་ཨ་མེ་རི་ཁ་དང་ཕཱ་ཁི་སི་ཐན། ཐཱ་ལེ་པན་གྱི་འཐུས་ཚབ་ཚོགས་པ། ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅཱ་ནེ་བཅས་ལ་བཀའ་དྲིན་ཞུས། 

བསྒྲགས་པ་ལྟར་ན། ཐེངས་འདིའི་གྲོས་མོལ་ནི་ལོ་ངོ་བཅུ་བདུན་ལ་རྒྱུན་བསྐྱངས་པའི་ཨ་ཧྥུའུ་ཧན་གྱི་འཐབ་འཁྲུག་མཇུག་སྒྲིལ་བར་བྱེད་པའི་ཆེད་ཡིན་པ་དང་། ཨ་ཧྥུའུ་ཧན་སྲིད་གཞུང་དཔོན་རིགས་གྲོས་མོལ་ལ་ཞུགས་མེད་པ་དང་། ཨ་མེ་རི་ཁའི་འཐུས་ཚབ་ཚོགས་པའི་ཚོགས་གཙོ་ནི་ཨ་མེ་རི་ཁའི་ཨ་ཧྥུའུ་ཧན་གནད་དོན་གྱི་དམིགས་བསལ་འཐུས་མི་ཧཱ་ལེ་ལེ་ཀྲ་ཏི་ཡིན་པ་རེད། 

ཧཱ་ལེ་ལེ་ཀྲ་ཏི་ཡིས་ཟླ་བཅུ་གཅིག་པའི་ཚེས་བཅོ་བརྒྱད་ཉིན་བསྟན་དོན། སང་ལོའི་ཟླ་བཞི་བའི་ཚེས་ཉི་ཤུ་ཉིན་གྱི་སྔོན་ལ་ཨ་ཧྥུའུ་ཧན་གྱི་ཐཱ་ལེ་པན་རྩ་འཛུགས་བར་ཞི་བའི་གྲོས་མཐུན་འགོད་པའི་རེ་བ་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།