ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་ཕྱོགས་ཀྱིས་དབྱི་སི་རལ་དམག་དཔུང་ཡང་དང་བསྐྱར་དུ་ཕཱ་ལེ་སི་ཐན་གྱི་གྲོང་ཁྱེར་དུ་ཡོང་ནས་འགུལ་སྐྱོད་སྤེལ་བ་ལས་དྲག་ཤུགས་དོན་རྐྱེན་རབ་དང་རིམ་པ་བྱུང་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-14
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ཛ་དྲག་གི་གནས་བབ་ལ་དམིགས་ཏེ། ཕཱ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཚེས་བཅུ་གསུམ་ཉིན་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱི་དམག་དཔུང་ཡང་དང་བསྐྱར་དུ་ཕཱ་ལེ་སི་ཐན་གྱི་གྲོང་ཁྱེར་དུ་ཡོང་ནས་འགུལ་སྐྱོད་སྤེལ་བ་ལས། མི་རྣམས་ཕཱ་ལེ་སི་ཐན་དང་དབྱི་སི་རལ་གྱི་ཞི་བདེའི་མདུན་ལྗོངས་ལ་ཡིད་ཆད་པ་དང་། དེ་ལས་དྲག་ཤུགས་དོན་རྐྱེན་མང་དུ་འབྱུང་བཞིན་ཡོད་ཟེར། 

གསལ་སྒྲོག་ལས་བཤད་རྒྱུར། ང་ཚོས་དྲག་ཤུགས་ལ་རྒོལ་གཏམ་གཏོང་བཞིན་ཡོད་པ་དང་། དྲག་ཤུགས་ལ་ཕྱོགས་གཉིས་ཀྱིས་རིན་དོད་ཆེན་པོ་བཏང་ཡོད་ཟེར། 

ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གིས་ཉིན་དེར་ལཱ་མུའུ་ཨན་ལཱ་ནས་གྲོས་ཚོགས་བསྡུས་རྗེས་གསལ་སྒྲོག་སྤེལ་ཏེ། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་མི་དམངས་ལ་དམིགས་ཏེ་བཟོས་པའི་འཐབ་འཁྲུག་ནག་ཉེས་རབ་དང་རིམ་པར་རྒོལ་གཏམ་བཏང་། གསལ་སྒྲོག་ལས་ད་རུང་མང་ཚོགས་ཀྱིས་ཕཱ་ལེ་སི་ཐན་གྱི་མངའ་ཁོངས་སུ་བྱ་འགུལ་སྤེལ་ནས། དབྱི་སི་རལ་གྱི་བཙན་འཛུལ་བྱ་སྤྱོད་ལ་ངོ་རྒོལ་བྱེད་དགོས་པའི་འབོད་སྐུལ་བཏང་། 

ཕཱ་ལེ་སི་ཐན་འཕྲོད་བསྟེན་པུའུ་ཡིས་ཚེས་བཅུ་གསུམ་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མི་གཅིག་ལ་ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ལཱ་མུའུ་ཨན་ལཱ་གྲོང་ཁྱེར་ཉེ་འདབས་ཀྱི་པུས་ལཱ་གྲོང་ཁྱེར་ནས་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་སྟེ་བསད་ཟེར། 

དབྱི་སི་རལ་རྒྱལ་སྲུང་དམག་དཔུང་གིས་ཉིན་དེར་གསལ་སྒྲོག་སྤེལ་ཏེ། ཕཱ་ལེ་སི་ཐན་གྱི་མི་ཞིག་གིས་རླངས་འཁོར་བསྐོར་ནས་པུས་ལཱ་གྲོང་ཁྱེར་གྱི་སྤྱི་སྤྱོད་རླངས་འཁོར་ས་ཚིགས་ཤིག་ཏུ་འཇབ་རྒོལ་དོན་རྐྱེན་བཟོས་པ་དང་། དབྱི་སི་རལ་གྱི་དམག་མི་གཅིག་ལ་རྨས་ཕོག ཡུལ་དངོས་ཀྱི་དབྱི་སི་རལ་གྱི་དམག་མིས་མེ་མདས་བརྒྱབ་ནས་ཕཱ་ལེ་སི་ཐན་གྱི་མི་དེ་བསད་པ་ཡིན་ཟེར། 

ཚེས་བཅུ་གསུམ་ཉིན་གྱི་ཞོགས་པར། དབྱི་སི་རལ་གྱི་དམག་དཔུང་གིས་ཅོར་ཏན་གཙང་བོའི་ནུབ་འགྲམ་གྱི་ནཱ་པུའུ་ལུའུ་སི་གྲོང་ཁྱེར་ཤར་ངོས་ཀྱི་སྡོད་ཁང་ཞིག་གི་མཐའ་བསྐོར་ནས་མེ་མདས་བརྒྱབ་པ་དང་། ཕཱ་ལེ་སི་ཐན་གྱི་མི་གཅིག་རྐྱེན་ལམ་དུ་ཤོར། 

ཉིན་དེར་ཅོར་ཏན་གཙང་བོའི་ནུབ་འགྲམ་ས་ཁུལ་གྱི་ཡིའུ་ཐེ་བའི་གཏན་སྡོད་ས་ཁུལ་ཞིག་གི་ཉེ་འདབས་ནས་མེ་མདས་བརྒྱབ་པའི་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། དབྱི་སི་རལ་གྱི་དམག་མི་གཉིས་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་དམག་མི་གཅིག་དང་དབྱི་སི་རལ་གྱི་མི་སེར་དཀྱུས་མ་གཅིག་ལ་རྨས་ལྗིད་མོ་ཕོག་ཡོད། འཇབ་རྒོལ་མཁན་གྱི་ཐོབ་ཐང་མིག་སྔར་ད་རུང་གསལ་བོར་མི་ཤེས་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།