ཀྲུང་གོ་བོད་ཀྱི་དྲ་བ།

ཧན་གོ་དང་ཁྲའོ་ཞན་གྱིས་དམག་དོན་མིན་པའི་ས་ཁུལ་ནས་སོ་ལྟ་ཁང་རྩིས་མེད་དུ་གཏོང་བའི་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-13
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧན་གོའི་རྒྱལ་སྲུང་པུའུ་ཡིས་ཚེས་བཅུ་གཉིས་ཉིན་བསྟན་དོན། ཧན་གོ་དང་ཁྲའོ་ཞན་དམག་ཕྱོགས་ཀྱིས་ཉིན་དེར་དམག་དོན་མིན་པའི་ས་ཁུལ་ནས་སོ་ལྟ་ཁང་རྩིས་མེད་དུ་གཏོང་བའི་གནས་ཚུལ་གྱི་ཞིབ་བཤེར་བྱ་བ་བདེ་བླག་ངང་ཡོངས་འགྲུབ་བྱས་ཟེར། 

ཧན་གོ་དང་ཁྲའོ་ཞན་གྱི་དམག་དཔོན་རིམ་པ་དང་ཞིབ་བཤེར་མི་སྣ། པར་ལེན་མི་སྣ་བཅས་ཀྱིས་སོ་སོར་ཕན་ཚུན་གྱིས་མེད་པར་གཏོང་རྒྱུ་ཐག་བཅད་པའི་ཉེན་ཟོན་སོ་ལྟ་ཁང་བཅུ་གཅིག་ལ་འཚམས་འདྲི་བྱས་པ་དང་། ཡུལ་དངོས་ནས་ཞིབ་བཤེར་བྱ་བ་སྤེལ། ཉིན་དེའི་སྔ་དྲོར་ཧན་གོའི་མི་སྣ་ཁྲའོ་ཞན་མངའ་ཁོངས་སུ་སོང་ནས་ཞིབ་བཤེར་བྱས་པ་དང་། ཕྱི་དྲོར་ཁྲའོ་ཞན་ཕྱོགས་ཀྱི་མི་སྣ་ཧན་གོའི་མངའ་ཁོངས་སུ་སོང་ནས་ཞིབ་བཤེར་བྱས། 

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བསྟན་དོན། ཕྱོགས་གཉིས་ཀྱི་ཞིབ་བཤེར་མི་སྣས་སྒྲིག་ཆས་ཁྱེར་ནས་ཕན་ཚུན་མངའ་ཁོངས་ཀྱི་སོ་ལྟ་ཁང་གི་སྒྲིག་ཆས་གཏོར་ལེན་བྱས་པའི་གནས་ཚུལ་དང་། ས་ངོས་དང་ས་འོག་གི་སྒྲིག་ཆས་གཏོར་ལེན་བྱས་པའི་གནས་ཚུལ་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས། ཕྱོགས་གཉིས་ཀྱིས་མཛའ་མཐུན་གྱི་སྣང་ཚུལ་ཁྲོད་ཞིབ་བཤེར་བྱ་བ་ཡོངས་འགྲུབ་བྱས་པར་མ་ཟད། ཕན་ཚུན་གྱིས་བཏོན་པའི་རེ་བར་རོགས་འདེགས་གང་ལེགས་བྱས། ཞིབ་བཤེར་བྱེད་སྐབས་རྙེད་པའི་གནད་དོན་ཆུང་ངུ་དག་ཟླ་བཅུ་གཉིས་པའི་ཟླ་མཇུག་གི་སྔོན་ལ་བྱེད་ཐབས་སྤྱད་དེ་ཡོངས་འགྲུབ་བྱེད་རྒྱུ་ཡིན་ཟེར། 

ཧན་གོའི་རྒྱལ་སྲུང་པུའུ་ཡིས་བཤད་རྒྱུར། དེ་ནི་ཧན་གོ་དང་ཁྲའོ་ཞན་ཁ་བྲལ་དུ་སོང་བའི་ཚུན་ཕྱོགས་གཉིས་ཀྱི་དམག་མི་དག་ཐོག་དང་པོར་ཕན་ཚུན་གྱི་མངའ་ཁོངས་སུ་སོང་ནས་སོ་ལྟ་ཁང་གི་ཡུལ་དངོས་ལས་ཞིབ་བཤེར་བྱས་པ་རེད། དེ་ཕྱེད་གླིང་གི་དམག་དོན་ཛ་དྲག་གནས་བབ་ཞི་འཇགས་སུ་གཏོང་བ་དང་ཕན་ཚུན་ཡིད་ཆེས་བྱེད་པའི་འཕེལ་རིམ་ཁྲོད་ཀྱི་ལམ་ཚད་རྡོ་རིང་ལྟ་བུར་འགྱུར་ངེས་རེད་ཟེར། 

གཞན་ཡང་ཆིན་ཝ་ཐེ་ཡིས་བསྒྲགས་པ་ལྟར་ན། ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཉིན་དེའི་ཕྱི་དྲོར་ཆིན་ཝ་ཐེ་རྒྱལ་ཁབ་ཉམས་ཉེན་དོ་དམ་ལྟེ་གནས་ནས་ཐད་གཏོང་བརྒྱུད་དེ་ཧན་གོ་དང་ཁྲའོ་ཞན་གྱིས་ཕན་ཚུན་གྱི་སོ་ལྟ་ཁང་ལ་ཞིབ་བཤེར་བྱེད་པའི་ཡུལ་དངོས་གནས་ཚུལ་ལ་བལྟས་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།