ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཕཱ་རེ་སིའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་གནད་དོན་ཐག་གཅོད་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-12-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཧྥ་རན་སིའི་ཙུང་ཐུང་བཞུགས་ཤག་གིས་ཚེས་གཉིས་ཉིན་བྲེལ་མྱུར་གྲོས་ཚོགས་བསྡུས་ཏེ་ཕཱ་རེ་སི་ནས་བྱུང་བའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་ཐག་གཅོད་བྱས། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་སྲིད་གཞུང་གི་མཐོ་རིམ་དཔོན་པོ་འགའ་གྲོས་ཚོགས་ལ་ཞུགས། 

ཕཱ་རེ་སི་ནས་ཚེས་གཅིག་ཉིན་ཡང་བསྐྱར་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་། རྔམ་སྟོན་ཁྲོམ་སྐོར་སྐབས་སུ་དྲག་ཤུགས་བྱ་སྤྱོད་མི་ཉུང་བ་བྱུང་་བ་དང་། ཚོང་ཁང་མང་བོར་འཕྲོག་བཅོམ་བྱས་པར་མ་ཟད་རླངས་འཁོར་མང་བོ་མེར་བསྲེགས། རྒྱལ་ཁའི་སྒོ་མོ་ཆེའི་སྟེང་དུ་ཁྲོམ་སྐོར་མཁན་ལ་ལས་ནག་ནོག་བཟོས་ཡོད། རྒྱལ་ཁའི་སྒོ་མོ་ཆེའི་ཉེ་འདབས་ས་ཁུལ་དུ་རྔམ་སྟོན་ཁྲོམ་སྐོར་མཁན་མང་བོ་དང་ཉེན་རྟོག་པའི་བར་འཁྲུག་རྩོད་བྱུང་ནས་གནས་བབ་ཧ་ཅང་རྙོག་འཛིང་ལྡན་པར་གྱུར་ཡོད། 

མཱ་ཁི་ལུང་གིས་ཨ་ཀིན་ཐེན་དུ་འཚམས་འདྲི་བྱས་ནས་ཕྱིར་རྒྱལ་ནང་དུ་ལོག་པ་དང་། ཚེས་གཉིས་ཉིན་ཁོ་རང་ཕཱ་རེ་སིའི་རྒྱལ་ཁའི་སྒོ་མོ་ཆེ་རུ་རྟོག་ཞིབ་བྱེད་དུ་སོང་ནས། གནས་དེར་ལས་རེས་བྱེད་བཞིན་པའི་ཉེན་རྟོག་པ་དང་རྒུད་སྐྱོབ་མི་སྣར་བཀའ་དྲིན་ཞུས། རྒྱལ་ཁའི་སྒོ་མོ་ཆེའི་ཉེ་འདབས་ཀྱི་སྒྲིག་ལམ་ཉིན་དེར་ཕལ་ཆེར་རྒྱུན་ལྡན་དུ་གྱུར་ཡོད་ལ། རླངས་འཁོར་འགྲོ་འོང་བྱེད་པར་བཀག་རྒྱ་མེད་པར་བྱས་ཡོད། མི་རྣམས་ཀྱིས་གཞུང་ལམ་སྟེང་གི་གད་སྙིགས་གཙང་ཕྱགས་བྱེད་བཞིན་ཡོད། 

མཱ་ཁི་ལུང་གིས་རྟོག་ཞིབ་བྱས་རྗེས་ཙུང་ཐུང་བཞུགས་ཤག་ཏུ་སོང་ནས་བྲེལ་མྱུར་གྲོས་ཚོགས་ལ་ཞུགས། ཧྥ་རན་སིའི་ཙུང་ལི་ཧྥེ་ལེ་ཕུའུ་ཡང་གྲོས་ཚོག་སལ་ཞུགས། ཁོས་དེའི་སྔོན་ཕོ་ལན་དུ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་ནམ་ཟླའི་འགྱུར་ལྡོག་ཚོགས་ཆེན་ལ་ཞུགས་པའི་འགྲུལ་བཞུད་རྩིས་མེད་དུ་བཏང་བ་རེད། ཧྥ་རན་སིའི་ནང་སྲིད་པུའུ་ཀྲང་ཁཱ་སི་ཐི་ནཱ་ཡིས་མཱ་ཁི་ལུང་ལ་འབྲེལ་ཡོད་གནས་ཚུལ་མཚམས་སྦྱོར་བྱས། མིག་སྔའི་བར་ཐེངས་འདིའི་གྲོས་ཚོགས་ཀྱི་གྲུབ་འབྲས་ཕྱི་ཕྱོགས་སུ་ཁྱབ་སྒྲོག་བྱས་མེད། 

ཧྥ་རན་སིའི་ནང་སྲིད་པུའུ་ཡིས་ཚེས་གཉིས་ཉིན་བསྡོམས་རྩིས་བྱས་པ་ལྟར་ན། ཚེས་གཅིག་ཉིན་ཧྥ་རན་སི་རྒྱལ་ཡོངས་ནས་མི་འབུམ་གཅིག་དང་ཁྲི་གསུམ་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ལ་ཞུགས་པ་དང་། ཕཱ་རེ་སི་ནས་རྔམ་སྟོན་ཁྲོམ་སྐོར་བྱེད་མཁན་མི་ཁྲི་གཅིག་ཙམ་ཡོད། ཉེན་རྟོག་ཕྱོགས་ཀྱིས་ཕཱ་རེ་སི་ནས་མི་བཞི་བརྒྱ་ལྷག་འཛིན་བཟུང་བྱས། གཞན་ཡང་ཕཱ་རེ་སིའི་རྔམ་སྟོན་ཁྲོམ་སྐོར་ཁྲོད་མི་བརྒྱ་དང་སོ་གསུམ་ལ་རྨས་ཕོག་ཡོད། བསྒྲགས་པ་ལྟར་ན། དེ་ནི་གཅིག་སྟོང་དགུ་བརྒྱ་རེ་བརྒྱད་ལོའི་ཚུན་ལ། ཕཱ་རེ་སི་ནས་བྱུང་བའི་དྲག་ཤུགས་ཀྱི་རྣམ་པ་ཆེས་ཆེར་ལྡན་པའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་ཅིག་རེད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།