ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་མའོ་ཁི་ཨར་གྱིས་ཁ་པར་བརྒྱུད་དེ་ཁི་ཁྲུ་མཚོ་འགག་གི་གནས་བབ་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-28
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་ཉེར་དྲུག་ཉིན་གྱི་དགོང་མོར་ཁ་པར་བརྒྱུད་དེ། ཉེ་སྔོན་ཨུ་རུ་སི་ཡིས་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་བཀག་འཇོག་བྱས་པའི་དོན་རྐྱེན་ཐད་ནས་གྲོས་བསྡུར་བྱས། 

སྤྱི་སྒྲོག་ལས་བཤད་རྒྱུར། ཁ་པར་གྲོས་མོལ་དེ་འཇར་མན་ཕྱོགས་ཀྱིས་གྲོས་གཞི་བཏོན་པ་རེད། 

ཕུའུ་ཅིན་གྱིས་བསྟན་དོན། ཝུའུ་ཁི་ལན་གྱི་བྱ་སྤྱོད་ལ་དཀྲུག་འཕེན་རང་བཞིན་ལྡན་པ་དང་། འབྲེལ་ཡོད་ཀྱི་རྒྱལ་སྤྱིའི་བཅའ་ཁྲིམས་དང་རྒྱབ་འགལ་དུ་སོང་ཡོད་ལ། ཝུའུ་ཁི་ལན་དབང་འཛིན་ལས་ཁུངས་ཀྱིས་ཉེ་སྔོན་གྱི་ཁི་ཁྲུ་མཚོ་འགག་ཉེ་འདབས་ཀྱི་ཛ་དྲག་གི་གནས་བབ་ཀྱི་འགན་ཡོངས་སུ་ཁུར་དགོས་ཟེར། 

ཕུའུ་ཅིན་གྱིས་བཤད་རྒྱུར། ཝུའུ་ཁི་ལན་ཕྱོགས་ཀྱི་བྱ་སྤྱོད་དེ་སང་ལོར་སྤེལ་རྒྱུ་ཡིན་པའི་ཙུང་ཐུང་འདེམ་བསྐོར་འབྲེལ་བ་ཡོད་པས། འཇར་མན་གྱིས་ཝུའུ་ཁི་ལན་ལ་གནོན་ཤུགས་བྱིན་ནས་ཝུའུ་ཁི་ལན་གྱིས་སྔར་ལས་ལྷག་པའི་འོལ་ཚོད་ཀྱི་བྱ་སྤྱོད་སྤེལ་བར་སྔོན་འགོག་བྱེད་དགོས་པའི་རེ་བ་བཏོན། 

ཚེས་ཉེར་ལྔ་ཉིན། ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་ལྔ་ཨུ་རུ་སིའི་ཆོག་མཆན་མ་ཐོབ་པའི་གནས་ཚུལ་འོག་སྔ་གཞུག་ཏུ་ཁི་ཁྲུ་མཚོ་འགག་བརྒལ་རྩིས་བྱས་པ་དང་། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཝུའུ་ཁི་ལན་ཕྱོགས་ཀྱི་དཀྲུག་འཕེན་བྱ་སྤྱོད་ལ་བཀག་འགོག་བྱས། ཨུ་རུ་སིའི་མཐའ་སྲུང་སྡེ་ཁག་གིས་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་གསུམ་བཀག་འཇོག་བྱས། 

ཝུའུ་ཁི་ལན་གྱི་ཙུང་ཐུང་པའོ་ལོ་ཧྲིན་ཁི་ཡིས་ཚེས་ཉེར་དྲུག་ཉིན་བཤད་རྒྱུར། ཨུ་རུ་སི་ཡིས་བཀག་འཇོག་བྱས་པའི་ཝུའུ་ཁི་ལན་གྱི་གྲུ་གཟིངས་དང་མི་སྣ་མྱུར་དུ་ཕྱིར་གཏོང་དགོས་པའི་རེ་བ་བཏོན་པ་དང་། བྱེད་ཐབས་སྤྱད་དེ་གནས་བབ་ཞི་འཇགས་སུ་གཏོང་དགོས་ཟེར། པའོ་ལོ་ཧྲིན་ཁི་ཡིས་གྲོས་གཞི་བཏོན་པ་ལྟར། ཝུའུ་ཁི་ལན་གྱི་གྲོས་ཁང་གིས་ཝུའུ་ཁི་ལན་གྱི་ས་ཁུལ་སྐོར་ཞིག་ཏུ་དུས་ཡུན་ཉིན་སུམ་ཅུའི་རིང་རྗེས་གྲབས་རྣམ་པ་ལག་བསྟར་བྱེད་པར་ཆོག་མཆན་བཀོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།