ཀྲུང་གོ་བོད་ཀྱི་དྲ་བ།

ཨུ་རུ་སི་ཡིས་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་ཁི་ཁྲུ་མཚོ་འགག་བརྒྱུད་པར་བཀག་འགོག་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨུ་རུ་སི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་དང་ཁི་ལི་མུས་ཡཱའི་མཐའ་སྲུང་སྡེ་ཁག་གིས་བསྒྲགས་པ་ལྟར་ན། ཝུའུ་ཁི་ལན་གྱི་མཚོ་དམག་གི་གྲུ་གཟིངས་ལྔ་ཚེས་ཉེར་ལྔ་ཉིན་ཨུ་རུ་སིའི་ཆོག་མཆན་མ་ཐོབ་པར་ཁི་ཁྲུ་མཚོ་འགག་བརྒྱུད་རྩིས་བྱེད་སྐབས། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་བཀག་འགོག་བྱས། དྲག་ཆས་བེད་སྤྱོད་བྱས་པར་མ་ཟད་དེའི་གྲས་ཀྱི་གྲུ་གཟིངས་གསུམ་བཀག་འཇོག་བྱས་ཡོད་ཟེར། 

ཚེས་ཉེར་ལྔ་ཉིན་གྱི་ཞོགས་པའི་དུས་ཚོད་བདུན་ཡས་མས་སུ། ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་གསུམ་ཨུ་རུ་སིའི་ཆོག་མཆན་མ་ཐོབ་པར་ཨུ་རུ་སིས་གནས་སྐབས་སུ་བཀག་སྡོམ་བྱས་ཡོད་པའི་མཚོ་ནག་གི་མཚོ་ཁོངས་ག་གེ་མོར་ཞུགས་ཏེ། མཚོ་ནག་དང་ཡཱ་སུའུ་མཚོ་གཅིག་ཏུ་སྦྲེལ་བའི་ཁི་ཁྲུ་མཚོ་འགག་བརྒྱུད་པ་དང་། དེའི་རྗེས་སུ་ཝུའུ་ཁི་ལན་མཚོ་དམག་གི་གྲུ་གཟིངས་གཉིས་ཁི་ཁྲུ་མཚོ་འགག་བརྒྱུད། ཨུ་རུ་སིའི་ཕྱོགས་ཀྱིས་བྱེད་ཐབས་སྣ་ཚོགས་སྤྱད་དེ་ཝུའུ་ཁི་ལན་གྱི་དཀྲུག་འཕེན་བྱ་སྤྱོད་དེར་བཀག་འགོག་བྱས་པ་དང་། དོན་རྐྱེན་དེར་དུས་ཚོད་ལྔ་ཙམ་འགོར། 

ཨུ་རུ་སིའི་རྒྱལ་ཕྲན་མཉམ་འབྲེལ་བདེ་འཇགས་ཅུའུ་ཡིས་བདེན་དཔང་བྱས་པ་ལྟར་ན། བཀག་འཇོག་བྱས་པའི་ཁི་ཁྲུ་མཚོ་འགག་བརྒྱུད་པའི་ཝུའུ་ཁི་ལན་གྱི་གྲུ་གཟིངས་དེ་གསུམ་འགོག་ཆེད་ཨུ་རུ་སིའི་ཕྱོགས་ཀྱི་མཚོན་ཆ་བཀོལ་བ་རེད། བརྒྱུད་རིམ་དེའི་ཁྲོད་ཝུའུ་ཁི་ལན་ཕྱོགས་ཀྱི་གྲུ་སྟེང་གི་མི་གསུམ་ལ་རྨས་ཕོག་ཀྱང་། ཚེ་སྲོག་གི་ཉེན་ཁ་མེད་ཟེར། 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།