ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་གྱིས་ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཟླ་བཅུ་གཉིས་པའི་ཟླ་མགོར་སུའེ་ཏེན་ནས་ཞི་བའི་གྲོས་མོལ་བྱེད་པའི་རེ་བ་ཡོད་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་རྒྱལ་སྲུང་བློན་ཆེན་མཱ་ཏིས་སི་ཡིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། ཡེ་མིན་འཁྲུག་རྩོད་ཕྱོགས་ཁག་སོ་སོས་ཟླ་བཅུ་གཉིས་པའི་ཟླ་མགོར་སུའེ་ཏེན་ནས་ཞི་བའི་གྲོས་མོལ་བྱས་ཏེ། ཇི་ལྟར་མགྱོགས་མྱུར་ངང་མིག་སྔའི་འཁྲུག་རྩོད་མཇུག་སྒྲིལ་བར་གྲོས་མོལ་བྱེད་པའི་རེ་བ་ཡོད་ཟེར། 

མཱ་ཏིས་སི་ཡིས་ཉིན་དེར་ཟུར་ལྔའི་ཐོག་ཁང་ཆེན་མོའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། སྐབས་ཐོག་དེར་ཡེ་མིན་སྲིད་གཞུང་དང་ཧུའུ་སེ་དྲག་ཆས་རྩ་འཛུགས་གཉིས་གྲོས་མོལ་ལ་ཞུགས་སྲིད་ཟེར། ཁོས་ད་རུང་བཤད་རྒྱུར། ཡེ་མིན་གྱི་འཁྲུག་རྩོད་མཇུག་སྒྲིལ་བ་དང་། ས་དེའི་མི་ཆོས་རིང་ལུགས་ཀྱི་ཉམས་ཉེན་ཐག་གཅོད་བྱེད་པར་སོ་ཏི་ཨ་རབ་ཀྱི་རྒྱབ་སྐྱོར་དང་འབྲལ་ཐབས་མེད། མིག་སྔར་སོ་ཏི་ཨ་རབ་དང་ཨ་རབ་མཉམ་འབྲེལ་ཚོ་དཔོན་རྒྱལ་ཁབ་ཀྱིས་ཡེ་མིན་གྲུ་ཁའི་གྲོང་ཁྱེར་ཧི་ཐེ་ཏཱ་ཉེ་འདབས་ཀྱི་དམག་དོན་འགུལ་སྐྱོད་མཚམས་བཞག་ཡོད་ཀྱང་། ས་དེར་འཁྲུག་རྩོད་སྔར་བཞིན་དུ་འབྱུང་བཞིན་ཡོད་ཟེར། 
ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་དེའི་རྗེས་སུ་གསལ་སྒྲོག་སྤེལ་ཏེ། ཨ་མེ་རི་ཁས་ཕྱོགས་ཁག་སོ་སོས་མྱུར་དུ་དགྲར་འཛིན་འགུལ་སྐྱོད་མཚམས་བཞག་སྟེ་སུའེ་ཏེན་གྱི་ཞི་བའི་གྲོས་མོལ་ལ་ཞུགས་ནས་འཁྲུག་རྩོད་མཇུག་སྒྲིལ་དུ་འཇུག་དགོས་པའི་འབོད་སྐུལ་བཏང་ཡོད་ཟེར། གསལ་སྒྲོག་ལས་འབྲེལ་ཡོད་ཕྱོགས་ཀྱིས་འཁྲུག་རྩོད་མཚམས་འཇོག་པའི་དུས་སྐབས་དང་བསྟུན་ནས་དམག་དོན་སྒྲིག་ཆས་ལ་ཤུགས་སྣོན་བྱེད་མི་རུང་བ་དང་། མིག་སྔར་ཕྱོགས་ཁག་སོ་སོས་ཐད་ཀར་གྲོས་མོལ་བྱས་ཏེ་ཕན་ཚུན་ཡིད་ཆེས་ཀྱི་འབྲེལ་བ་འཛུགས་པར་དལ་འགོར་གཏན་ནས་བྱེད་མི་རུང་ཟེར། དེ་ལས་གཞན་ཧི་ཐེ་ཏཱ་གྲུ་ཁ་དེ་ངེས་པར་དུ་དབུས་གནས་ཀྱི་ཕྱོགས་ཁག་ཅིག་ལ་སྤྲད་དེ། མི་ཆོས་རིང་ལུགས་ཀྱི་རྒུད་སྐྱོབ་དངོས་རྫས་སྟེར་བའི་མྱུར་ཚད་ཇེ་མགྱོགས་སུ་གཏོང་དགོས་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།