ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁ་དང་ཧན་གོས་བྱ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ་ཁྲའོ་ཞན་ཕྱེད་གླིང་གི་ལས་དོན་དང་འབྲེལ་བའི་འགུལ་སྐྱོད་ལ་མཐུན་སྦྱོར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁ་དང་ཧན་གོའི་ཁྲའོ་ཞན་ཕྱེད་གླིང་གི་འབྲེལ་ཡོད་ལས་དོན་གྱི་འགན་ཁུར་བའི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་ཝ་ཧྲིན་ཐོན་ནས་བྱ་བའི་ཚན་ཆུང་གི་གྲོས་ཚོགས་བསྡུས་ཏེ། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་སོགས་གནད་དོན་ཐད་ཀྱི་འགུལ་སྐྱོད་དང་ལངས་ཕྱོགས་མཐུན་སྦྱོར་བྱས། 

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གིས་སྤེལ་བའི་གསལ་སྒྲོག་ལྟར་ན། ཨ་མེ་རི་ཁའི་ཁྲའོ་ཞན་སྲིད་ཇུས་ཀྱི་དམིགས་བསལ་འཐུས་མི་པུས་ཀིན་དང་ཧན་གོའི་ཕྱི་འབྲེལ་པུའུ་ཡི་ཕྱེད་གླིང་ཞི་བདེའི་ལས་དོན་པུའུ་ཡི་པུའུ་ཀྲང་ལིས་ཏུའུ་ཞོན་གཉིས་ཀྱིས་མཉམ་དུ་གྲོས་ཚོགས་ལ་མགོ་འཛིན་བྱས། ཕྱོགས་གཉིས་ཀྱིས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དང་ཡུན་རིང་ཞི་བདེ་ཡོང་བར་བྱེད་པ། མཉམ་འབྲེལ་རྒྱལ་ཚོགས་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་གྲོས་ཆོད་ལག་བསྟར་བྱེད་པ། ཧན་གོ་དང་ཁྲའོ་ཞན་གྱི་མཉམ་ལས་སོགས་ལས་དོན་ལ་གྲོས་བསྡུར་བྱས། 
གསལ་སྒྲོག་ལས་བཤད་རྒྱུར། གྲོས་ཚོགས་ནས་ཨ་མེ་རི་ཁ་དང་ཧན་གོས་ཁྲའོ་ཞན་ཕྱེད་གླིང་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བའི་ཐུན་མོང་རེ་འདུན་ལ་ཡར་སྐུལ་གཏོང་བའི་ཐད་ཀྱི་འགུལ་སྐྱོད་མཐུན་སྦྱོར་ལ་ཤུགས་སྣོན་བྱས། 
དེ་ལས་གཞན། ཨ་མེ་རི་ཁའི་རྒྱལ་སྲིད་བློན་ཆེན་ཕིན་ཕའེ་ཨོ་ཡིས་ཉིན་དེར་རྒྱལ་སྲིད་སྤྱི་ཁྱབ་ཁང་ནས་སྤེལ་བའི་གསར་འགོད་པའི་སྣེ་ལེན་ཚོགས་འདུའི་སྟེང་བཤད་རྒྱུར། བྱ་བའི་ཚན་ཆུང་གིས་འབྲེལ་ཡོད་གནད་དོན་ཐག་གཅོད་བྱེད་པའི་ལས་རིམ་ཚད་ལྡན་ཅན་ལ་ཡར་སྐུལ་བཏང་སྟེ། ཨ་མེ་རི་ཁ་དང་ཧན་གོས་རང་རང་གི་འདོད་ཚུལ་མི་བརྗོད་པ་དང་ཕ་རོལ་བས་མི་ཤེས་པའི་གནས་ཚུལ་འོག་ཕྱོགས་གཅིག་ནས་འགུལ་སྐྱོད་སྤེལ་མི་སྲིད་པར་ཁག་ཐེག་བྱས་ཡོད། ཨ་མེ་རི་ཁའི་འབྲེལ་ཡོད་བྱ་བར་པུས་ཀིན་གྱིས་སྣེ་ཁྲིད་བྱེད་བཞིན་ཡོད་ཟེར། 
ཕིན་ཕའེ་ཨོ་ཡིས་ད་རུང་བཤད་རྒྱུར། ཨ་མེ་རི་ཁ་ཕྱོགས་ཀྱིས་ཧན་གོའི་ཕྱོགས་ལ་གསལ་བོར་བསྟན་དོན། ཨ་མེ་རི་ཁས་ཕྱེད་གླིང་གི་ཞི་བདེ་དང་ཁྲའོ་ཞན་དུ་ཉིང་རྡུལ་ནུས་པ་མེད་པར་གཏོང་བ་དེ་ཧན་གོ་དང་ཁྲའོ་ཞན་གྱི་འབྲེལ་བའི་འཕེལ་རྒྱས་ལས་རྗེས་སུ་མི་ལུས་པར་བྱ་དགོས་པའི་རེ་བ་བཏོན། དེ་དག་ཚང་མར་ཕྱོགས་སོ་སོས་མཉམ་དུ་འབད་བརྩོན་བྱས་ཏེ་ཕན་ཚུན་གཞོགས་འདེགས་བྱ་དགོས་པ་དང་། དེ་ཡང་བྱ་བའི་ཚན་ཆུང་བཙུགས་པའི་དམིགས་ཡུལ་ཡང་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།