ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་རག་དམག་ཕྱོགས་ཀྱིས་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-22
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་རག་གི་དཔོན་རིགས་ཀྱིས་ཚེས་ཉེར་གཅིག་ཉིན་བཤད་རྒྱུར། དབྱི་རག་སྲིད་གཞུང་དམག་དཔུང་གིས་ཉེ་སྔོན་འཇིགས་སྐུལ་ལ་ངོ་རྒོལ་བྱེད་པའི་འགུལ་སྐྱོད་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་ཉི་ཤུ་བསད་ཟེར། 

དབྱི་རག་མཉམ་འབྲེལ་འགུལ་སྐྱོད་བཀོད་འདོམ་པུའུ་ཡི་མགྲིན་ཚབ་པ་ལཱ་སུའུ་ཨར་གྱིས་ཚེས་ཉེར་གཅིག་ཉིན་གསལ་སྒྲོག་སྤེལ་ཏེ། སཱ་ལཱ་ཧི་ཏེན་ཞིང་ཆེན་གྱི་བདེ་འཇགས་དམག་དཔུང་གིས་ཞིང་ཆེན་དེའི་བྱང་ཕྱོགས་ཀྱི་ཧྲི་ཨར་ཅཱ་ཐི་གྲོང་རྡལ་གྱི་གཙང་ཕྱགས་འགུལ་སྐྱོད་ཡོངས་འགྲུབ་བྱས་པ་དང་། འགུལ་སྐྱོད་ཁྲོད་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གྱི་སྦས་སྐོང་བྱེད་ས་གཉིས་གཏོར་བ་དང་། ས་འོག་ཕུག་ལམ་ཞིག་ཏུ་སྦས་ཡོད་པའི་དྲག་ཆས་ཉེས་ཅན་བཅོ་ལྔ་བསད་ཟེར། ཡིན་ཡང་གསལ་སྒྲོག་ལས་གཙང་ཕྱགས་འགུལ་སྐྱོད་སྤེལ་བའི་བྱེ་བྲག་གི་དུས་ཚོད་གསལ་བོར་བཤད་མེད། 
ཤར་ཕྱོགས་ཀྱི་ཏིས་ཡཱ་ལཱ་ཞིང་ཆེན་གྱི་དཔོན་རིགས་གཞན་པ་ཞིག་གིས་བཤད་པ་ལྟར་ན། དབྱི་རག་མཁའ་དམག་གི་འཐབ་འཛིང་གནམ་གྲུས་ཚེས་ཉེར་གཅིག་ཉིན་སཱ་ལཱ་ཧི་ཏེན་ཞིང་ཆེན་དང་ཏིས་ཡཱ་ལཱ་ཞིང་ཆེན་གྱི་འབྲེལ་མཚམས་ས་ཁུལ་དུ་ཡོད་པའི་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དམིགས་འབེན་ལ་འགས་གཏོར་བཏང་ནས། དྲག་ཆས་ཉེས་ཅན་ལྔ་བསད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།