ཀྲུང་གོ་བོད་ཀྱི་དྲ་བ།

ཧྥ་རན་སི་ཡིས་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་གཟབ་རྒྱས་ངང་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-12
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཟླ11པའི་ཚེས11ཉིན། ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་དང་འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གཉིས་ཧྥ་རན་སིའི་ཕཱ་རེ་སིའི་ཞང་ཞེ་ཧྲི་ལེ་སྲང་ལམ་གྱི་རྒྱལ་ཁའི་སྒོ་མོ་ཆེ་ནས་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་མཛད་སྒོར་ཞུགས། 

ཟླ11པའི་ཚེས11ཉིན། ཧྥ་རན་སིའི་མཁའ་དམག་ཧྥ་ལན་ཞི་སྐོར་གཡེང་དམག་དཔུང་གི་འཕུར་སྐྱོད་འཁྲབ་སྟོན་རུ་ཁག་གི་གནམ་གྲུ་འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྟེང་རྒྱལ་ཁའི་སྒོ་མོ་ཆེའི་ཡང་སྟེང་དུ་འཕུར་བཞིན་པ། 

ཚེས་བཅུ་གཅིག་ཉིན། ཧྥ་རན་སིའི་སྲིད་གཞུང་གིས་ཕཱ་རེ་སིའི་རྔམ་བརྗིད་ལྡན་པའི་རྒྱལ་ཁའི་སྒོ་མོ་ཆེ་ནས་མཛད་སྒོ་སྤེལ་ཏེ། འཛམ་གླིང་འཁྲུག་ཆེན་དང་པོ་མཇུག་སྒྲིལ་ནས་ལོ་ངོ་བརྒྱ་འགོར་བར་རྗེས་དྲན་བྱེད་པའི་བྱ་འགུལ་སྤེལ། 

ཉིན་དེའི་སྔ་དྲོར། ཧྥ་རན་སིའི་སློབ་འབྲིང་སློབ་མས་ཧྥ་རན་སིའི་སྐད་དང་དབྱིན་སྐད། རྒྱ་སྐད་སོགས་སྐད་རིགས་མང་བོའི་ལམ་ནས་འཛམ་གླིང་འཁྲུག་ཆེན་དང་པོར་ཞུགས་པའི་དམག་མི་དང་དང་བཟོ་བས་བྲིས་པའི་འཐབ་འཁྲུག་གི་ཟིན་ཐོ་བཏོན། 

ཧྥ་རན་སིའི་ཙུང་ཐུང་མཱ་ཁི་ལུང་གིས་ཡུལ་དངོས་ནས་གཏམ་བཤད་སྤེལ་ཏེ། རྒྱལ་ཁབ་སོ་སོས་འཐབ་འཁྲུག་གི་ཡ་ང་བའི་བསླབ་བྱ་སེམས་སུ་དམ་པོར་འཛིན་པ་དང་། ཐོག་མཐའ་བར་གསུམ་དུ་ཞི་བདེ་གོ་གནས་གཙོ་བོར་བཞག་ནས། ལོ་རྒྱུས་ཀྱི་སྐྱོ་གར་དེ་འདྲ་ཡང་བསྐྱར་འབྱུང་བར་སྔོན་འགོག་བྱ་དགོས་པའི་འབོད་སྐུལ་བཏང་། 

འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་སོགས་རྒྱལ་ཁབ་མང་བོའི་མགོ་ཁྲིད་པ་དང་མཐོ་རིམ་འཐུས་མི་མཛད་སྒོར་ཞུགས། 

ཉིན་དེའི་ཕྱི་དྲོར། མཱ་ཁི་ལུང་གིས་སྤེལ་བའི་གྲོས་གཞི་བཏོན་པ་དང་། ཕྱོགས་མང་མཉམ་ལས་ལ་ཡར་སྐུལ་གཏོང་བར་དམིགས་པའི་ཕཱ་རེ་སིའི་ཞི་བདེའི་གླེང་སྟེགས་ཀྱང་ཕཱ་རེ་སི་ཐན་སྤེལ་མགོ་བརྩམས། ཀྲུང་གོའི་རྒྱལ་ཡོངས་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅི་པེན་ཞོན་གདན་ཞུས་ལྟར་ཀྲུང་གོའི་ཚབ་བྱས་ཏེ་གླེང་སྟེགས་དང་འབྲེལ་ཡོད་བྱ་འགུལ་ལ་ཞུགས། 

འཛམ་གླིང་འཁྲུག་ཆེན་དང་པོ་དེ་གཅིག་སྟོང་དགུ་བརྒྱ་བཅུ་བཞིའི་ལོར་བྱུང་བ་དང་། འཐབ་འཁྲུག་དེ་དབྱིན་ཇི་དང་ཧྥ་རན་སི། ཨུ་རུ་སི་བཅས་གཙོ་བྱས་པའི་གྲོས་མཐུན་བཀོད་པའི་རྒྱལ་ཁབ་སྡེ་ཚོགས་དང་འཇར་མན་དང་། ཨོ་ཞོན་བཙན་རྒྱལ་གཙོ་བྱས་པའི་མནའ་མཐུན་རྒྱལ་ཁབ་སྡེ་ཚོགས་བར་དུ་བྱུང་བ་ཡིན་ལ། གཡུལ་ས་གཙོ་བོ་ནི་ཡོ་རོབ་གླིང་གི་ས་ཁུལ་ཡིན་པ་རེད། གཅིག་སྟོང་དགུ་བརྒྱ་བཅོ་བརྒྱད་ལོའི་ཟླ་བཅུ་གཅིག་པའི་ཚེས་བཅུ་གཅིག་ཉིན། གྲོས་མཐུན་བཀོད་པའི་རྒྱལ་ཁབ་སྡེ་ཚོགས་དང་འཇར་མན་གྱིས་འཐབ་འཁྲུག་མཚམས་འཇོག་པའི་གྲོས་ཆོད་བཀོད་དེ། འཇར་མན་གྱིས་མགོ་སྒུར་བ་ཁྱབ་སྒྲོག་བྱས་རྗེས་འཛམ་གླིང་འཁྲུག་ཆེན་དང་པོ་དངོས་སུ་མཇུག་སྒྲིལ་བ་རེད། 

ལོ་ངོ་བཞི་འགོར་བའི་འཛམ་གླིང་འཁྲུག་ཆེན་དང་པོ་དེས་ཡོ་རོབ་གླིང་དང་ཨེ་ཤ་ཡཱ་གླིང་། ཨ་ཧྥེ་རི་ཁ་གླིང་བཅས་གླིང་ཆེན་གསུམ་གྱི་རྒྱལ་ཁབ་དང་ས་ཁུལ་སུམ་ཅུ་ལྷག་ལ་ཤུགས་རྐྱེན་ཐེབས་པ་དང་། མི་བྱེ་བ་མང་བོའི་ཚེ་སྲོག་ཤོར་ཡོད། དེ་ནི་འཛམ་གླིང་འཁྲུག་ཆེན་གཉིས་པའི་སྔོན་མིའི་རིགས་ཀྱི་ལོ་རྒྱུས་སྟེང་གི་གཏོར་བརླག་གི་ཚད་ཆེས་ཆེ་བ་དང་ཁྱབ་རྒྱ་ཆེས་ཡངས་པའི་འཐབ་འཁྲུག་ཅིག་ཡིན་པ་རེད། 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།