ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་བདེ་འཇགས་འཕེལ་རྒྱས་རྩ་འཛུགས་ཀྱིས་དམིགས་བསལ་ལྟ་ཞིབ་ཚོགས་པའི་མི་སྣ་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཝུའུ་ཁི་ལན་གནད་དོན་གྱི་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཚེས་དྲུག་ཉིན་ཨུ་རུ་སི་དཀར་པོའི་རྒྱལ་ས་མེན་སི་ཁི་ནས་རྒྱུན་སྲོལ་གྱི་གྲོས་མོལ་སྤེལ། ཡོ་རོབ་གླིང་བདེ་འཇགས་འཕེལ་རྒྱས་རྩ་འཛུགས་ཀྱི་དམིགས་བསལ་འཐུས་མི་སཱ་དབྱེ་ཏིས་ཁི་ཡིས་འབྲེལ་ཡོད་ཕྱོགས་ཀྱིས་ཡོ་རོབ་གླིང་བདེ་འཇགས་འཕེལ་རྒྱས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་མི་སྣ་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་། 

སཱ་དབྱེ་ཏིས་ཁི་ཡིས་གྲོས་མོལ་བྱས་རྗེས་ཀྱི་གསར་འགྱུར་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། ཟླ་བཅུ་བའི་ཚེས་ཉེར་བདུན་ཉིན། ཡོ་རོབ་གླིང་བདེ་འཇགས་འཕེལ་རྒྱས་རྩ་འཛུགས་ཀྱི་དམིགས་བསལ་ལྟ་ཞིབ་ཚོགས་པའི་མི་བསྡད་མེད་པའི་རྒྱང་བཞུད་གནམ་གྲུ་ཞིག་ཝུའུ་ཁི་ལན་ཤར་ཕྱོགས་ཀྱི་འཁྲུག་རྩོད་ས་ཁུལ་གྱི་བར་སྣང་ནས་གར་སོང་མ་རྙེད། ཁོས་མེན་སི་ཁིའི་གྲོས་མཐུན་བཀོད་པའི་ཕྱོགས་ཁག་སོ་སོས་དགོས་ངེས་ཀྱི་བྱེད་ཐབས་གང་རུང་སྤྱད་དེ་དམིགས་བསལ་ལྟ་ཞིབ་ཚོགས་པའི་མི་སྣ་དང་རྒྱུ་ནོར་བདེ་འཇགས་ལ་འགན་སྲུང་བྱེད་དགོས་པའི་འབོད་སྐུལ་བཏང་བར་མ་ཟད། དམིགས་བསལ་ལྟ་ཞིབ་ཚོགས་པའི་འབྲེལ་ཡོད་བྱ་འགུལ་ལ་ཆ་རྐྱེན་བསྐྲུན་དགོས་ཟེར། 
སཱ་དབྱེ་ཏིས་ཁི་ཡིས་བསྟན་དོན། མིག་སྔར་ཝུའུ་ཁི་ལན་ཤར་ཕྱོགས་འཁྲུག་རྩོད་ས་ཁུལ་གྱི་གནས་བབ་གཏན་འཇགས་མིན་པ་དང་། འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་དང་འགལ་བའི་གནས་ཚུལ་སྔར་བཞིན་མང་དུ་འབྱུང་བཞིན་ཡོད་ཟེར། ཁོས་ཕྱོགས་སོ་སོས་འཁྲུག་རྩོད་མཚམས་འཇོག་པའི་གྲོས་མཐུན་བརྩི་སྲུང་བྱས་ཏེ་རང་ཚོད་འཛིན་དགོས་པའི་འབོད་སྐུལ་བཏང་། 
སཱ་དབྱེ་ཏིས་ཁི་ཡིས་མཚམས་སྦྱོར་བྱས་པ་ལྟར་ན། ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་དང་དེའི་བདེ་འཇགས་བྱ་བའི་ཚན་ཆུང་གིས་ཉིན་དེར་ཝུའུ་ཁི་ལན་ཤར་ཕྱོགས་ས་ཁུལ་གྱི་སྤྱིའི་བདེ་འཇགས་གནས་བབ་ལ་གྲོས་བསྡུར་བྱས། བྱ་བའི་ཚན་ཆུང་གཞན་པས་ས་དེའི་འཐུང་ཆུའི་འདོན་སྤྲོད་སླར་གསོ་བྱེད་པ་དང་བཀག་འཇུག་བྱས་པའི་མི་སྣ་བརྗེ་སྤོར་བྱེད་པ། འབྲེལ་མཚམས་ས་ཁུལ་གྱི་མི་སྣའི་འགྲོ་འོང་ཆ་རྐྱེན་ལེགས་བཅོས་བྱེད་པ་སོགས་གནད་དོན་ལ་གྲོས་བསྡུར་བྱས། 
ཕྱོགས་སོ་སོས་གྲོས་མོལ་བྱས་ཏེ་ཕྱོགས་གསུམ་འབྲེལ་གཏུག་ཚན་ཆུང་གིས་ཟླ་བཅུ་གཅིག་པའི་ཚེས་ཉེར་གཉིས་ཉིན་སྐོར་ཐེངས་རྗེས་མའི་གྲོས་མོལ་སྤེལ་རྒྱུ་ཐག་བཅད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།