ཀྲུང་གོ་བོད་ཀྱི་དྲ་བ།

ཡུལ་གྱར་བའི་གྲུ་གཟིངས་གསུམ་ཀྲི་པུའུ་ལོ་ཐའོ་མཚོ་འགག་ནས་ཉེན་ཁར་འཕྲད་དེ་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-11-07
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  སི་ཕན་རྒུད་སྐྱོབ་ལས་ཁུངས་ཀྱིས་ཚེས་དྲུག་ཉིན་སྤེལ་བའི་གནས་ཚུལ་ལྟར་ན། མའོ་ལོ་ཀིའི་ཕྱོགས་ནས་ཡོང་བའི་ཡུལ་གྱར་བའི་གྲུ་གཟིངས་གསུམ་ཚེས་ལྔ་ཉིན་ཀྲི་པུའུ་ལོ་ཐའོ་མཚོ་འགག་བརྒྱུད་དེ་སི་ཕན་དུ་བགྲོད་པའི་ལམ་བར་ནས་ཉེན་ཁར་འཕྲད་པ་དང་། མིག་སྔར་མི་བཅུ་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ལྷག་གར་སོང་རྙེད་མེད་ཟེར། 

བསྒྲགས་པ་ལྟར་ན། ཚེས་ལྔ་ཉིན་གྱི་ཞོགས་པར་ཡུལ་གྱར་དྲུད་པའི་གྲུ་གཟིངས་ཤིག་སི་ཕན་ལྷོ་ཕྱོགས་ཀྱི་མཚོ་འགྲམ་གྲོང་ཁྱེར་ཅཱ་ཏི་སིའི་ཉེ་འགྲམ་དུ་བསླེབ་སྐབས་མཚོ་འོག་བྲག་རྡོར་ཐོ་བརྒྱབ་སྟེ་རྒྱ་མཚོར་ནུབ། རྒུད་སྐྱོབ་མི་སྣས་བེམ་པོ་བཞི་དང་གྲུ་གཟིངས་ཀྱི་ཆག་རོར་འཇུས་ནས་མཚོ་སྟེང་དུ་གཡེང་བའི་ཡུལ་གྱར་བ་ཉེར་གཉིས་རྙེད། སྲོག་ཉེན་ལས་ཐར་བའི་མི་སྣས་བཤད་པ་ལྟར་ན། གྲུ་གཟིངས་སྟེང་དུ་མི་བཞི་བཅུ་ཙམ་ཡོད་ཟེར། རྒུད་སྐྱོབ་མི་སྣས་སྔར་བཞིན་གར་སོང་མ་རྙེད་པའི་མི་གཞན་པ་འཚོལ་ཞིབ་བྱེད་བཞིན་ཡོད། 
དེ་ལས་གཞན་རྒུད་སྐྱོབ་མི་སྣས་ཚེས་ལྔ་ཉིན་སི་ཕན་གྱི་ཧྥེ་ཏིས་མེ་ལེ་ལེ་ཡཱ་ཉེ་འདབས་ཀྱི་མཚོ་ཁོངས་ཉེན་ཁར་འཕྲད་པའི་གྲུ་གཟིངས་གཉིས་རྙེད་པ་དང་། གྲུ་གཟིངས་དེ་གཉིས་ཀྲི་པུའུ་ལོ་ཐའོ་མཚོ་འགག་བརྒྱུད་རྩིས་ཡོད་པ་རེད། བསྡོམས་པས་མི་བཅུ་ཕྲག་འགའ་བསྐྱབས། སྐབས་ཐོག་དེར་གྲུ་གཟིངས་གཉིས་ཀྱི་སྟེང་བསྡོམས་པས་མི་དགུ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཞི་མཚོ་འགྲམ་དུ་མ་བསླེབ་གོང་ཚེ་ལས་འདས། སི་ཕན་ཉེན་རྟོག་ཕྱོགས་ཀྱིས་མི་དེ་དག་གི་འདས་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད། 
རྒྱལ་སྤྱིའི་གནས་སྤོར་སྡོད་དམངས་རྩ་འཛུགས་ཀྱིས་ཚེས་ལྔ་ཉིན་སྤེལ་བའི་སྙན་ཞུ་ལྟར་ན། ཉིས་སྟོང་བཅོ་བརྒྱད་ལོའི་ཟླ་སྔོན་མ་བཅུའི་ནང་། ཡུལ་གྱར་བ་ལྔ་བརྒྱ་དང་རེ་བཞི་ཨ་ཧྥེ་རི་ཁ་བྱང་མ་ནས་སི་ཕན་བརྒྱུད་པའི་བར་ལམ་ནས་རྐྱེན་ལམ་དུ་ཤོར་ཡོད་པ་རེད།


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།