ཀྲུང་གོ་བོད་ཀྱི་དྲ་བ།

ཅོར་ཏན་དུ་ཆར་བ་དྲག་པོ་བབས་པ་ལས་ཆུ་ལོག་བྱུང་སྟེ་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-10-26
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅོར་ཏན་གྱི་དབུ་བཞུགས་བློན་ཆེན་བཞུགས་ཤག་གིས་ཚེས་ཉེར་ལྔ་ཉིན་གྱི་དགོང་མོར་གསལ་སྒྲོག་སྤེལ་ཏེ། ཆར་བ་དྲག་པོ་ལས་བྱུང་བའི་ཆུ་ལོག་གི་གནོད་འཚེ་དབང་གིས་ཅོར་ཏན་གྱི་སློབ་གྲྭ་ཞིག་གི་དགེ་སློབ་ཀྱིས་གྲོང་ཁྱེར་ཉེ་འདབས་སུ་སྤྲོ་གསེང་བྱེད་སྐབས་ཉེན་ཁ་ཐེབས། མིག་སྔར་དགེ་སློབ་འདུས་པའི་མི་བཅོ་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅུ་ཕྲག་འགའ་གར་སོང་རྙེད་མེད་ཟེར། 

ཅོར་ཏན་གྱི་ས་ཁུལ་མང་བོར་ཚེས་ཉེར་ལྔ་ཉིན་དྲག་ཆར་བབས། རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་བྱུང་ས་དེ་རྒྱལ་ས་ཨན་མན་ལྷོ་ནུབ་ཕྱོགས་ཀྱི་སྤྱི་ལེ་དྲུག་ཅུའི་མཚམས་སུ་ཡོད་པའི་མཱ་ཡུན་ཆུ་ཁོལ་ས་ཁུལ་ཡིན། གནས་དེ་ནི་འགག་རོང་ཞིག་ཡིན་པ་དང་། དྲག་ཆར་བབས་རྗེས་ཆུ་ལོག་དང་རི་ཉིལ་བའི་དོན་རྐྱེན་འབྱུང་སླ་བ་རེད། 

གསལ་སྒྲོག་ལས་བཤད་རྒྱུར། ཨན་མན་གྱི་སྒེར་གཉེར་སློབ་གྲྭ་ཞིག་གིས་ཉིན་དེར་དགེ་སློབ་བཅུ་ཕྲག་འགའ་རྩ་འཛུགས་བྱས་ཏེ་མཱ་ཡུན་ཆུ་ཁོལ་ས་ཁུལ་དུ་སྤྲོ་གསེང་ལ་སོང་། ཆུ་ལོག་བྱུང་བའི་སྐབས་སུ་ཁོ་ཚོས་འགག་རོང་དུ་ཟ་མ་ཟ་བཞིན་ཡོད། དགེ་སློབ་དེ་དག་ལས་གཞན། འགག་རོང་དེར་ས་དེའི་མི་གཞན་པའང་ཡོད་སྲིད་ལ། བྱེ་བྲག་གི་གནས་ཚུལ་གསལ་བོར་མི་ཤེས།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།