ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་གིས་ཕྱི་འབྲེལ་བློན་ཆེན་གསར་བ་བསྐོ་འཇོག་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཅིར་ཅི་སི་སི་ཐན་གྱི་ཙུང་ཐུང་རི་ཨིན་པེ་ཁི་ཧྥུའུ་ཡིས་ཚེས་བཅུ་བདུན་ཉིན་ཙུང་ཐུང་བཀའ་རྒྱ་བཀོད་དེ། ཨེ་ཏཱ་ཨར་པེ་ཁི་ཧྥུའུ་ཕྱི་འབྲེལ་བློན་ཆེན་གསར་བར་བསྐོ་འཇོག་བྱས། 

ཚེས་བཅུ་བདུན་ཉིན་གྱི་སྔ་དྲོར། ཅིར་ཅི་སི་སི་ཐན་གྱི་གྲོས་ཁང་ཨེ་ཏཱ་ཨར་པེ་ཁི་ཧྥུའུ་ཡིས་ཕྱི་འབྲེལ་བློན་ཆེན་གསར་བའི་འགན་ཁུར་བའི་གྲོས་གཞི་ཆོག་མཆན་བཀོད། 

ད་ལོ་ལོ་ཞེ་གཅིག་ཡིན་པའི་ཨེ་ཏཱ་ཨར་པེ་ཁི་ཧྥུའུ་ཡིས་འཇར་པན་དུ་སྡོད་པའི་ཅིར་ཅི་སི་སི་ཐན་གྱི་གཞུང་ཚབ་ཆེན་མོའི་འགན་ཁུར་བ་དང་། ཁོ་ནི་ཅིར་ཅི་སི་སི་ཐན་གྱི་ཙུང་ལི་ཨ་པུའུ་ཨར་ཅཱ་ཅི་ཡེ་ཧྥུའུ་ཡིས་མིང་བཏོན་པ་རེད། 

དེའི་སྔོན་ཧན་གོ་སྡོད་པའི་ཅིར་ཅི་སི་སི་ཐན་གྱི་གཞུང་ཚབ་ཆེན་མོ་སུའུ་ཏན་གྱིས་གསལ་སྒྲོག་སྤེལ་ཏེ། ཅིར་ཅི་སི་སི་ཐན་ཕྱི་འབྲེལ་པུའུ་ལ་ཁྲིམས་འགལ་དང་རུལ་སུངས་ཀྱི་གནད་དོན་གནས་ཡོད་ཟེར། དེའི་ལན་དུ་ཕྱི་འབྲེལ་པུའུ་ཡི་མགོ་ཁྲིད་རིམ་པས་སུའུ་ཏན་གྱིས་གཞུང་ཚབ་ཆེན་མོའི་འགན་ཁུར་བའི་སྐབས་སུ་ཁྲིམས་འགལ་བྱ་སྤྱོད་ལྡན་པར་སྐྱོན་འཛུགས་བྱས། ཅིར་ཅི་སི་སི་ཐན་རྒྱལ་ཁབ་བདེ་འཇགས་ཨུ་ཡོན་ལྷན་ཁང་གིས་དེར་འབྲེལ་མི་སྣའི་རྒྱས་བཤད་ལ་དཔྱད་ཞིབ་བྱས་རྗེས། ཕྱི་འབྲེལ་པུའུ་དང་སུའུ་ཏན་ལ་ཁྲིམས་འགལ་བྱ་སྤྱོད་ལྡན་པར་ཁས་ལེན་བྱས། དེའི་ཤུགས་རྐྱེན་ལས་ཟླ་འདིའི་ཚེས་བཅུ་གཉིས་ཉིན། ཅིར་ཅི་སི་སི་ཐན་གྱི་སྔོན་ཆད་ཀྱི་ཕྱི་འབྲེལ་བློན་ཆེན་ཨ་པུའུ་ཏི་ཨར་ཏཱ་ཡེ་ཧྥུའུ་ཡིས་ལས་ཁུར་དགོངས་ཞུའི་སྙན་ཞུ་སྤྲད་དེ་ཙུང་ཐུང་གི་ཆོག་མཆན་ཐོབ་ཡོད་ལ། སུའུ་ཏན་གྱི་ལས་འགན་ཡང་བླངས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།