ཨ་མེ་རི་ཁའི་ཉོ་ཚོང་འཐུས་མིས་ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱའི་མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་གསར་བསྒྱུར་བྱེད་པར་འགལ་བ་ཡོད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཨ་མེ་རི་ཁའི་ཉོ་ཚོང་འཐུས་མི་ལེ་ཐི་ཞི་ཙེ་ཡིས་ཚེས་ཉེར་ལྔ་ཉིན་བསྟན་དོན། ཨ་མེ་རི་ཁ་དང་ཁཱ་ནཱ་ཏཱ་ཡིས་ད་ལྟའི་བར་མེ་གླིང་བྱང་མའི་རང་དབང་ཉོ་ཚོང་གྲོས་ཆོད་ཀྱི་གྲོས་མོལ་འགལ་བ་ཐག་གཅོད་བྱེད་པར་གྲུབ་འབྲས་ལོན་མེད་པ་དང་། ཨ་མེ་རི་ཁས་སྔོན་ལ་མའོ་ཞི་ཁོ་དང་མཉམ་དུ་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་འགོད་ངེས་རེད་ཟེར། 

ལེ་ཐི་ཞེ་ཙེ་ཡིས་ཉིན་དེར་ཉིག་ཡོ་གྲོང་ཁྱེར་ནས་བསྟན་དོན། ཨ་མེ་རི་ཁ་ཕྱོགས་ཀྱིས་བལྟས་ན་མེད་དུ་མི་རུང་བའི་ཁྱབ་ཁོངས་སུ་ཁཱ་ནཱ་ཏཱ་ཡིས་རྣམ་འགྱུར་ལེགས་པོ་མ་བསྟན། ཨ་མེ་རི་ཁ་ཕྱོགས་ཀྱིས་ཟླ་དགུ་བའི་ཟླ་མཇུག་གི་སྔོན་ལ་གྲོས་མོལ་ཡོངས་འགྲུབ་བྱེད་པར་རེ་ཡོད། གལ་ཏེ་ཁཱ་ནཱ་ཏཱ་ཕྱོགས་ཀྱིས་དུས་ལྟར་ཨ་མེ་རི་ཁའི་བར་གྲོས་མཐུན་མ་བཀོད་ན། ཨ་མེ་རི་ཁ་དང་མའོ་ཞི་ཁོས་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་སྔོན་ལ་འགོད་ངེས་རེད་ཟེར། 

ཁཱ་ནཱ་ཏཱའི་ཙུང་ལི་ཐི་ལུའུ་ཏའོ་ཡིས་ཉིན་དེར་བསྟན་དོན། ཁཱ་ནཱ་ཏཱ་ཕྱོགས་ཀྱིས་རང་སྟེང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པ་རྒྱུན་འཁྱོངས་བྱས་ཡོད་ཀྱང་། ཨ་མེ་རི་ཁ་དང་མའོ་ཞི་ཁོ་ཡིས་རང་དབང་ཉོ་ཚོང་གྲོས་ཆོད་འགོད་སྲིད་ཀྱང་ཁྲིགས་ཁྲིགས་མེད་ཟེར། ཁཱ་ནཱ་ཏཱའི་ཕྱི་འབྲེལ་བློན་ཆེན་གྱི་མགྲིན་ཚབ་པ་ཨོ་སི་ཏེན་གྱིས་བསྟན་དོན། ཁཱ་ནཱ་ཏཱའི་གྲོས་མོལ་གཙོ་གནད་ནི་ངོ་བོའི་གནད་དོན་ཡིན་པ་ལས་གྲོས་མོལ་གྱི་དུས་ཚོད་རེའུ་མིག་མིན། ཁཱ་ནཱ་ཏཱ་ཕྱོགས་ཀྱིས་རྒྱལ་ཁབ་རང་གི་ཁེ་ཕན་ལ་སྲུང་སྐྱོབ་བྱེད་པའི་ལངས་ཕྱོགས་བཟུང་ནས་མུ་མཐུད་དུ་ཨ་མེ་རི་ཁའི་བར་གྲོས་མོལ་བྱེད་རྒྱུ་ཡིན་ཟེར། 


རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།