ཀྲུང་གོ་བོད་ཀྱི་དྲ་བ།

ཀྲ་ལི་ཧྥུའུ་ཡིས་ཨ་མེ་རི་ཁ་སོགས་ཀྱིས་དབྱི་ལིང་ལྷོ་ཕྱོགས་ཀྱི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་པའི་ཚུལ་བསྟན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

20180923091912KmKY.jpg

ཟླ་དགུ་བའི་ཚེས་ཉེར་གཉིས་ཉིན། དབྱི་ལིང་ཧུའུ་ཆི་སི་ཐན་ཞིང་ཆེན་གྱི་ལྟེ་གནས་གྲོང་ཁྱེར་ཨ་ཝ་ཧྲི་ནས། མི་རྣམས་ཀྱིས་རྨས་ཕོག་པའི་དམག་མི་ཞིག་སྨན་ཁང་དུ་སྐྱེལ་བཞིན་པ། 

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། དབྱི་ལིང་གི་ཕྱི་འབྲེལ་བློན་ཆེན་ཀྲ་ལི་ཧྥུའུ་ཡིས་ཚེས་ཉེར་གཉིས་ཉིན་བཤད་རྒྱུར། ཨ་མེ་རི་ཁ་དང་དབུས་ཤར་ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་སྟོབས་ཤུགས་ལ་རྒྱབ་སྐྱོར་བྱེད་མཁན་གྱིས་ཉིན་དེར་དབྱི་ལིང་ལྷོ་ཕྱོགས་ས་ཁུལ་ནས་བྱུང་བའི་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་ལ་འགན་འཁུར་དགོས་ཟེར། 

ཀྲ་ལི་ཧྥུའུ་ཡིས་བཤད་རྒྱུར། ཕྱི་རྒྱལ་སྟོབས་ཤུགས་ཀྱིས་བསྡུས་ནས་སྦྱོང་བརྡར་བྱས་པ་དང་། དྲག་ཆས་དང་མ་དངུལ་གྱི་རོགས་སྐྱོར་བྱས་པའི་འཇིགས་སྐུལ་ཉེས་ཅན་གྱིས་ཨ་ཝ་ཧྲི་ལ་འཇབ་རྒོལ་བྱས། རྐྱེན་ལམ་དུ་ཤོར་བའི་འདས་པོའི་གྲས་སུ་བྱིས་པ་དང་གསར་འགོད་པ་ཡོད་ཟེར། དབྱི་ལིང་གིས་བལྟས་ན། ས་ཁུལ་གྱི་འཇིགས་སྐུལ་རིང་ལུགས་ཀྱི་རྒྱབ་སྐྱོར་མཁན་དང་ཁོ་ཚོའི་རྒྱབ་རྟེན་ཨ་མེ་རི་ཁས་འཇིགས་སྐུལ་འཇབ་རྒོལ་དོན་རྐྱེན་དེར་འགན་འཁུར་དགོས་པར་འདོད། དབྱི་ལིང་གིས་མྱུར་མོར་རྒོལ་ལན་དྲག་པོ་སྤྲད་དེ་དབྱི་ལིང་མང་ཚོགས་ཀྱི་ཚེ་སྲོག་བདེ་འཇགས་ལ་སྲུང་སྐྱོབ་བྱེད་རྒྱུ་ཡིན་ཟེར། 

དབྱི་ལིང་དབྱི་སི་ལན་སྤྱི་མཐུན་རྒྱལ་ཁབ་འཕྲིན་གཏོང་ཁང་གིས་ཚེས་ཉེར་གཉིས་ཉིན་བསྒྲགས་པ་ལྟར་ན། ཉིན་དེར་དབྱི་ལིང་ལྷོ་ཕྱོགས་ཀྱི་ཨ་ཝ་ཧྲི་གྲོང་ཁྱེར་དུ་སྤེལ་བའི་དབྱི་རག་དང་དབྱི་ལིང་གི་འཐབ་འཁྲུག་ལ་རྗེས་དྲན་བྱེད་པའི་དམག་གཟིགས་མཛད་སྒོའི་སྟེང་འཇབ་རྒོལ་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་ཉེར་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་ལྔ་བཅུ་ལྷག་ལ་རྨས་ཕོག དེའི་ནང་དམག་མི་རེ་འགའ་ཡོད་པ་དང་། བུད་མེད་དང་བྱིས་པའང་ཡོད་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།