ཀྲུང་གོ་བོད་ཀྱི་དྲ་བ།

རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་པུའུ་ཀྲང་གྲོས་ཚོགས་ནས་རྒྱ་མཚོའི་འགྱིག་ཤོག་སྦགས་བཙོག་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-23
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གསུམ་ཡིན་པའི་རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་ཁོར་ཡུག་དང་ནུས་ཁུངས། རྒྱ་མཚོའི་པུའུ་ཀྲང་གྲོས་ཚོགས་ཚེས་ཉེར་གཅིག་ཉིན་གྲོལ། གྲོས་ཚོགས་ནས་འཛམ་གླིང་གི་རྒྱལ་ཁབ་སོ་སོས་མཉམ་དུ་འགུལ་སྐྱོད་སྤེལ་ནས་རྒྱ་མཚོའི་འགྱིག་ཤོག་སྦགས་བཙོག་ཇེ་ཉུང་དུ་གཏོང་དགོས་པའི་འབོད་སྐུལ་བཏང་། 

གྲོས་ཚོགས་དེའི་དམིགས་ཡུལ་ནི་ནམ་ཟླའི་འགྱུར་ལྡོག་དང་རྒྱ་མཚོའི་སྲུང་སྐྱོབ། དག་གཙང་ནུས་ཁུངས་བཅས་ཀྱི་ཐད་ནས་མཉམ་ལས་སྤེལ་བའི་ཆེད་ཡིན། གྲོས་ཚོགས་ལ་ཞུགས་མཁན་དག་གིས་འཛམ་གླིང་ཡོངས་ཀྱི་ནམ་ཟླ་ཇེ་སྡུག་ཏུ་འགྲོ་བ་དང་། རྒྱ་མཚོའི་བདེ་ཐང་། འགྱིག་ཤོག་སྦགས་བཙོག་སོགས་གནད་དོན་དང་། དེ་མིན་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་མདུན་དུ་ལྷགས་པའི་འགྱིག་ཤོག་གད་སྙིགས་སྦགས་བཙོག་ཐག་གཅོད་བྱེད་པའི་ཐབས་ཇུས་སོགས་ལ་གྲོས་བསྡུར་བྱས་པ་དང་། འགྱིག་ཤོག་ཡང་བསྐྱར་བེད་སྤྱོད་བྱེད་པ་དང་སྦགས་བཙོག་ཇེ་ཉུང་དུ་གཏོང་བའི་ཐད་ཐུན་མོང་གི་ལྟ་ཚུལ་བྱུང་། 

གྲོས་ཚོགས་ལ་ཞུགས་པའི་པུའུ་ཀྲང་དག་གིས་བསྟན་དོན། མ་རྩ་དམའ་བའི་འགྱིག་ཤོག་ཕྱིར་སྡུད་ཡང་བསྐྱར་བེད་སྤྱོད་སོགས་ཀྱི་ལག་རྩལ་གསར་སྤེལ་བྱེད་པར་སྐུལ་འདེད་གཏོང་རྒྱུའི་ཚུལ་བསྟན་པར་མ་ཟད། རྒྱལ་ཁབ་བདུན་གྱི་སྡེ་ཚོགས་ཀྱི་སའི་གོ་ལའི་ལྟ་ཞིབ་དང་ཕྱོགས་བསྡུས་མཚོ་འགྲམ་དོ་དམ་སྐོར་གྱི་འདོད་བློ་ལག་ལེན་དུ་བསྟར་བར་ཡིད་འཐད་བྱུང་བ་དང་། དེ་སྔར་ལས་ལྷག་པའི་སྒོ་ནས་རྒྱ་མཚོ་དང་མཚོ་འགྲམ་གྱི་རྣམ་པར་རྒྱུས་ལོན་བྱེད་པར་ཕན་ཐོགས་ཡོད་པ་རེད། 

གྲོས་ཚོགས་ནས་ཁྱབ་སྒྲོག་བྱས་པའི་གཞི་གྲངས་ལྟར་ན། དུས་རབས་ཉི་ཤུ་བའི་ལོ་རབས་ལྔ་བཅུའི་ཚུན་ལ། འཛམ་གླིང་ཡོངས་སུ་བསྡོམས་པས་འགྱིག་རྫས་ཏུན་ཐེར་འབུམ་བརྒྱད་དང་དུང་ཕྱུར་གསུམ་ཐོན་སྐྱེད་བྱས་པ་དང་། དེའི་ནང་ཏུན་ཐེར་འབུམ་དྲུག་དང་དུང་ཕྱུར་གསུམ་འགྱིག་ཤོག་གད་སྙིགས་སུ་གྱུར་ཡོད། མིག་སྔར་འཛམ་གླིང་ཡོངས་ཀྱི་རྒྱ་མཚོའི་ཁྲོད་འགྱིག་ཤོག་གད་སྙིགས་ཏུན་དུང་ཕྱུར་མང་བོ་ཡོད་ལ། མཚོ་བྱ་དང་རྒྱ་མཚོའི་ཉ་རིགས་ཀྱི་འཚོ་སྡོད་ལ་གནོད་པ་ཐེབས་བཞིན་ཡོད། གྲོས་ཚོགས་ལ་ཞུགས་པའི་ཆེད་མཁས་པ་མང་བོས་བཅར་འདྲི་དང་ལེན་བྱེད་སྐབས་གཅིག་གྱུར་སྒོས་བསྟན་དོན། འགྱིག་ཤོག་གད་སྙིགས་ཇེ་ཉུང་དུ་གཏོང་བའི་བྱེད་ཐབས་ཉག་ཅིག་ནི་རྒྱལ་ཁབ་སོ་སོས་ངེས་པར་དུ་བཀོལ་ཐེངས་གཅིག་ཅན་གྱི་འགྱིག་ཤོག་ཐོན་རྫས་ཇེ་ཉུང་དུ་གཏོང་དགོས་ཟེར།  །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།