ཀྲུང་གོ་བོད་ཀྱི་དྲ་བ།

ཐན་ཙན་ནི་ཡཱ་ནས་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ་ཉུང་མཐར་ཡང་མི་ཞེ་བཞི་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-21
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐན་ཙན་ནི་ཡཱའི་དཔོན་རིགས་ཀྱིས་ཚེས་ཉི་ཤུའི་ཉིན་བཤད་རྒྱུར། རྒྱལ་ཁབ་དེའི་ནུབ་བྱང་ཕྱོགས་ཀྱི་མུའུ་ཝན་ཀྲ་ཞིང་ཆེན་དུ་ཉིན་དེའི་ཕྱི་དྲོར་གྲུ་གཟིངས་ནུབ་པའི་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་མི་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། མི་མང་བོ་གར་སོང་རྙེད་མེད་ཟེར། 

མུའུ་ཝན་ཀྲ་ཞིང་ཆེན་གྱི་ཧྲིན་ཀྲང་མིན་ཀའེ་ལཱ་ཡིས་ཚེས་ཉི་ཤུ་ཉིན་གྱི་དགོང་མོར་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། གྲུ་གཟིངས་ནུབ་པའི་དོན་རྐྱེན་དེ་ལས་ཉུང་མཐར་ཡང་མི་ཞེ་བཞི་རྐྱེན་ལམ་དུ་ཤོར་བ་དང་། འགྲུལ་བ་སོ་བདུན་སྲོག་ཉེན་ལས་བསྐྱབས། མིག་སྔར་རྒུད་སྐྱོབ་བྱ་བ་མུ་མཐུད་དུ་བྲེལ་མྱུར་ངང་སྤེལ་བཞིན་ཡོད་ཟེར། 

རྒྱུས་ལོན་བྱུང་བ་ལྟར་ན། དོན་རྐྱེན་དེ་ཐན་ཙན་ནི་ཡཱའི་ནུབ་བྱང་ཕྱོགས་ཀྱི་ཝེ་ཏའོ་ལེ་ཡཱ་མཚོ་ཁོངས་སུ་བྱུང་། གནས་ཚུལ་དངོས་སུ་མཐོང་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་གྲུ་གཟིངས་དེ་གྲུ་ཁར་སྡོད་ལ་ཉེ་སྐབས་ལོག་པ་རེད། སྐབས་ཐོག་དེར་གྲུ་གཟིངས་སྟེང་མི་སྣ་དང་དངོས་ཟོང་དྲུད་ཡོད་ཟེར། 

མུའུ་ཝན་ཀྲ་ཞིང་ཆེན་གྱི་ཉེན་རྟོག་ཅུའུ་ཡི་འགན་ཁུར་བ་ཧྲ་ནཱ་ཡིས་བསྟན་དོན། མིག་སྔར་དོན་རྐྱེན་བྱུང་བའི་གྲུ་གཟིངས་དེའི་སྟེང་འགྲུལ་བ་ག་ཚོད་ཡོད་པ་གསལ་བོར་མི་ཤེས་ཟེར།   །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།