ཝུན་ཙེ་ཡུན་དང་ཨིན་ཀྲིན་ཨིན་གྱིས་ཕེན་རང་ནས་གྲོས་མོལ་བྱས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཟླ་དགུ་བའི་ཚེས་བཅོ་བརྒྱད་ཉིན། ཁྲའོ་ཞན་གྱི་ཆེས་མཐོའི་མགོ་ཁྲིད་པ་ཅིན་ཀྲིན་ཨིན་དང་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཕེན་རང་ནས་གྲོས་མོལ་བྱས། 

ཁྲའོ་ཞན་གྱི་རྒྱལ་ས་ཕེན་རང་དུ་འཚམས་འདྲི་བྱེད་བཞིན་པའི་ཧན་གོའི་ཙུང་ཐུང་ཝུན་ཙེ་ཡུན་གྱིས་ཚེས་བཅོ་བརྒྱད་ཉིན་གྱི་ཕྱི་དྲོར་ཁྲའོ་ཞན་རྒྱལ་སྲིད་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་ཅིན་ཀྲིན་ཨིན་དང་གྲོས་མོལ་བྱས། 

བསྒྲགས་པ་ལྟར་ན། ཉིན་དེའི་ཕྱི་དྲོའི་གྲོས་མོལ་དེ་ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་སྤྱི་ཁྱབ་པུའུ་ཡི་ཐོག་ཁང་ཆེན་མོ་ནས་སྤེལ་བ་དང་། དུས་ཚོད་གཉིས་ཙམ་འགོར། ཅིན་ཀྲིན་ཨིན་གྱིས་ཐོག་མར་ཝུན་ཙེ་ཡུན་ལ་བཀའ་དྲིན་ཞུས། ཁོས་བཤད་རྒྱུར། མིག་སྔར་ལྷོ་བྱང་གི་འབྲེལ་བ་དང་། ཁྲའོ་ཞན་དང་ཨ་མེ་རི་ཁའི་འབྲེལ་བ་ལེགས་བཅོས་ངེས་ཅན་བྱུང་ཡོད་ལ། ཉེ་འཁོར་ས་ཁུལ་གྱི་གནས་བབ་སྔར་ལས་གཏན་འཇགས་དང་གྲུབ་འབྲས་གསར་བ་ལོན་ཐུབ་པ་རྟོགས་ཡོད་ཟེར། 

ཝུན་ཙེ་ཡུན་གྱིས་བཤད་རྒྱུར། ཁོས་ཅིན་ཀྲིན་ཨིན་ཨུ་ཡོན་ལྷན་ཁང་གིས་དུས་རབས་གསར་བ་གསར་གཏོད་བྱེད་པའི་ཆོད་དོན་ལ་བཀའ་དྲིན་ཞུས། ང་ཚོས་ཕྲག་ཏུ་ལས་འགན་ལྗིད་མོ་ཁུར་ཡོད། འཛམ་གླིང་ཡོངས་ཀྱིས་ཐེངས་འདིའི་གྲོས་མོལ་ལ་དོ་སྣང་བྱེད་བཞིན་ཡོད་ལ། འཛམ་གླིང་ཡོངས་ཀྱི་མི་དམངས་ལ་ཞི་བདེ་དང་དར་རྒྱས་ཀྱི་གྲུབ་འབྲས་མཐོང་དུ་འཇུག་དགོས་ཟེར། 

ཧན་གོའི་ཆིན་ཝ་ཐེ་རྒྱལ་ཁབ་བདེ་སྲུང་ཁང་གི་མགོ་བ་ཀྲིན་དབྱེ་རོང་དང་། རྒྱལ་ཁབ་གསང་འཕྲིན་ཁང་གི་མགོ་བ་ཞུའུ་ཞོན། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་ཨུ་ཡོན་ཀྲང་གཞོན་པ་ཅིན་དབྱིན་ཀྲི། ཁྲའོ་ཞན་ངལ་རྩོལ་ཏང་ཀྲུང་དབྱང་ཨུ་ཡོན་ལྷན་ཁང་གི་པུའུ་ཀྲང་གཞོན་པ་ཅིན་ཡུས་ཀྲིན་བཅས་གྲོས་མོལ་ལ་ཞུགས།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།