ཀྲུང་གོ་བོད་ཀྱི་དྲ་བ།

སུའུ་ཏན་ལྷོ་མར་གནམ་གྲུ་ཞིག་སར་ལྷུང་ནས་ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-10
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། སུའུ་ཏན་ལྷོ་མའི་དཔོན་རིགས་ཀྱིས་ཚེས་དགུའི་ཉིན་བདེན་དཔང་བྱས་དོན། གནམ་གྲུ་ཆུང་བ་ཞིག་ཉིན་དེའི་སྔ་དྲོར་སུའུ་ཏན་ལྷོ་མའི་མཚེའུ་ཤར་མ་ཀྲིག་ནས་སར་ལྷུང་སྟེ། ཉུང་མཐར་ཡང་མི་བཅུ་བདུན་རྐྱེན་ལམ་དུ་ཤོར། 

མཚེའུ་ཤར་མ་ཀྲིག་བརྡ་འཕྲིན་པུའུ་ཡི་པུའུ་ཀྲང་ཨ་ཀི་ཁི་ཡིས་ཞིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཁ་པར་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། སར་ལྷུང་བའི་གནམ་གྲུ་དེ་ནི་མི་བཅུ་དགུ་ཤོང་བའི་གནམ་གྲུ་ཆུང་བ་ཞིག་ཡིན་པ་དང་། ཉིན་དེའི་སྔ་དྲོར་སུའུ་ཏན་ལྷོ་མའི་རྒྱལ་ས་ཀྲུའུ་པཱ་གནམ་གྲུ་ཐང་ནས་མཚེའུ་ཤར་མ་ཀྲིག་ཏུ་འཕུར་བ་རེད། གནམ་གྲུ་འཕུར་ནས་མཚེའུ་ཤར་མ་ཀྲིག་ཏུ་འབྱོར་སྐབས། ས་དེར་སྨུག་སྤྲིན་འཐིབས་ཡོད་ལ། གནམ་གྲུ་སར་འབབ་རྩིས་བྱེད་སྐབས་སྟབས་མ་ལེགས་པར་ཀྲིག་དེའི་དབྱེ་ལོ་ལེ་མཚོ་ནང་དུ་ལྷུང་བ་རེད་ཟེར། 

ཨ་ཀི་ཁི་ཡིས་བཤད་རྒྱུར། གནམ་གྲུ་སར་ལྷུང་སར་འདས་པོའི་བེམ་པོ་བཅུ་བདུན་རྙེད་པ་དང་། མིག་སྔར་གནམ་གྲུའི་སྟེང་གི་འགྲུལ་བ་དང་གནམ་གྲུའི་སྟེང་གི་ལས་བྱེད་མི་སྣའི་སྤྱི་གྲངས་གསལ་བོར་མི་ཤེས་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།