ཀྲུང་གོ་བོད་ཀྱི་དྲ་བ།

ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྲོས་ཚོགས་ནས་རྒྱལ་ཁོངས་རྒལ་བའི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཆེན་མོར་ཁྲལ་བསྡུ་བའི་གྲོས་མོལ་ལ་གྲུབ་འབྲས་ཐོབ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཚོགས་ཡུན་ཉིན་གཉིས་ཡིན་པའི་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་བློན་ཆེན་གྱི་དངོས་གཞི་མིན་པའི་གྲོས་ཚོགས་ཚེས་བརྒྱད་ཉིན་མཇུག་སྒྲིལ། གྲོས་ཚོགས་ནས་རྒྱལ་ཁོངས་བརྒལ་བའི་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ཆེན་མོར་ཁྲལ་བསྡུ་བའི་གནད་དོན་ཐད་ཀྱི་གྲོས་མོལ་ལ་གྲུབ་འབྲས་ཐོབ་ཡོད་པ་དང་། དམིགས་འབེན་ནི་ད་ལོའི་ལོ་མཇུག་གི་སྔོན་ལ་གྲོས་འཆམ་འབྱུང་དགོས་ཟེར། 

ཧྥ་རན་སིའི་དཔལ་འབྱོར་དང་ནོར་སྲིད་པུའུ་ཀྲང་ལེ་མཱེ་ཨར་གྱིས་གྲོས་ཚོགས་གྲོལ་རྗེས་གསར་འགྱུར་ལས་རིགས་ལ་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོར་ཁྲལ་བསྡུའི་གནད་དོན་ཐད་ནས་གྲོས་མཐུན་འགོད་ཐུབ་པར་ཡིད་ཆེས་ཡོད་ཟེར། 

འཇར་པན་གྱི་ནོར་སྲིད་བློན་ཆེན་ཞའོ་ཨར་ཚི་ཡིས་བསྟན་དོན། གྲོས་ཚོགས་ནས་གྲུབ་འབྲས་མངོན་གསལ་བླངས་ཡོད་པ་དང་། ཡོ་རོབ་གླིང་མནའ་འབྲེལ་གྱིས་ད་ལོའི་ལོ་མཇུག་གི་སྔོན་ལ་ཁྲལ་བསྡུའི་ཐད་ནས་གཅིག་གྱུར་གྲོས་མཐུན་འགོད་ཐུབ་ངེས་རེད་ཟེར། ཞའོ་ཨར་ཚི་ཡིས་བལྟས་ན། གནད་དོན་དེར་ཐག་གཅོད་མ་བྱས་པའི་གནད་མང་བོ་ཡོད་པས་གྲོས་བསྡུར་མང་དུ་བྱེད་དགོས་པར་འདོད། 

ཧྥ་རན་སིའི་ཕྱོགས་ཀྱིས་ཡོ་རོབ་གླིང་མནའ་འབྲེལ་གྱིས་ཐོག་མར་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ལ་ཁྲལ་བསྡུ་བའི་གནད་དོན་ཐད་ནས། ཕན་ནུས་ལྡན་པའི་ནང་དོན་གཏན་འབེབས་བྱས་ཆོག་པ་དང་། གལ་ཏེ་མ་འོངས་པར་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་སྒྲོམ་གཞིའི་ནང་རྒྱལ་སྤྱིའི་གྲོས་མཐུན་ཞིག་བཀོད་ན། ཡོ་རོབ་གླིང་མནའ་འབྲེལ་ནང་ཁུལ་གྱི་གྲོས་མཐུན་དེ་རང་བཞིན་དུ་རྩིས་མེད་དུ་བཏང་ཆོག་པའི་གྲོས་གཞི་བཏོན། བསྒྲགས་པ་ལྟར་ན། ཧྥ་རན་སིའི་ཕྱོགས་ཀྱི་གྲོས་གཞི་དེས་རྒྱལ་ཁབ་ཁག་ཅིག་གི་སེམས་ཁུར་མེད་པར་བཏང་བར་མ་ཟད། གྲོས་མོལ་ལ་གྲུབ་འབྲས་ཐོབ་པར་ཡར་སྐུལ་བཏང་ཡོད་ཟེར། ཨིར་ལན་སོགས་རྒྱལ་ཁབ་ཀྱིས་དེའི་སྔོན་མཉམ་འབྲེལ་དྲ་རྒྱའི་ཁེ་ལས་ལ་ཁྲལ་བསྡུ་བར་འཛམ་གླིང་ཡོངས་ཀྱི་ཐག་གཅོད་ཇུས་གཞི་ཞིག་འཚོལ་ཞིབ་བྱེད་དགོས་པ་དང་། དེ་ལྟ་མིན་ཚེ་ཡོ་རོབ་གླིང་མནའ་འབྲེལ་གྱི་འགྲན་རྩོད་ནུས་པར་གནོད་པ་ཐེབས་ངེས་རེད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།