ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་ལྷོ་ཕྱོགས་ས་ཁུལ་ནས་འགྲིམ་འགྲུལ་དོན་རྐྱེན་ཚབས་ཆེན་ཞིག་བྱུང་སྟེ་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།ཨ་ཧྥུའུ་ཧན་ལྷོ་ཕྱོགས་ཀྱི་ཁན་ཏཱ་ཧཱ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བརྒྱད་ཉིན་གསར་འགོད་པར་བདེན་དཔང་བྱས་དོན། ཞིང་ཆེན་དེའི་མངའ་ཁོངས་སུ་ཉིན་དེར་རྒྱང་བཞུད་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ཐོ་བརྒྱབ་པའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། མི་ཉེར་ལྔར་རྨས་ཕོག་ཡོད་ཟེར། 

ཞིང་ཆེན་དེའི་སྲིད་གཞུང་གི་མགྲིན་ཚབ་པ་ཨ་ཆི་ཙི་ཡིས་བཤད་རྒྱུར། ཐེངས་འདིའི་འགྲིམ་འགྲུལ་དོན་རྐྱེན་དེ་སྔ་དྲོའི་དུས་ཚོད་དྲུག་ཡས་མས་སུ། ཞིང་ཆེན་དེའི་ཀྲ་ལི་ས་ཁུལ་གྱི་རྒྱལ་ས་ཁཱ་པོར་དང་ལྷོ་ཕྱོགས་ཀྱི་ཞིང་ཆེན་གཅིག་ཏུ་སྦྲེལ་བའི་གཞུང་ལམ་ཞིག་གི་སྟེང་བྱུང་བ་དང་། འགྲུལ་བ་གང་དྲུད་པའི་འགྲུལ་སྐྱེལ་རླངས་འཁོར་ཞིག་དང་དངོས་སྐྱེལ་རླངས་འཁོར་ཞིག་ལམ་དུ་བགྲོད་སྐབས་ཕན་ཚུན་ཐོ་བརྒྱབ་པ་རེད་ཟེར། 

ཨ་ཆི་ཙི་ཡིས་བཤད་རྒྱུར། འདས་པོའི་ཁྲོད་དུ་ཉུང་མཐར་ཡང་བུད་མེད་གསུམ་དང་བྱིས་པ་གསུམ་ཡོད། རྨས་མ་དག་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད་ལ། དེའི་ནང་མི་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་པས་ཚེ་སྲོག་གི་ཉེན་ཁ་ཡོད་ཟེར། 

ས་དེའི་གནས་ཚུལ་ཤེས་མཁན་གྱིས་བཤད་རྒྱུར། དོན་རྐྱེན་བྱུང་བའི་འགྲུལ་སྐྱེལ་རླངས་འཁོར་དེ་ས་དེའི་སྒེར་གཉེར་ཁེ་ལས་ཤིག་ལ་གཏོགས་པ་དང་། ཉིན་དེར་ཐེག་ཚད་ལས་བརྒལ་བའི་གནས་ཚུལ་ཡོང་སྲིད་ཀྱང་། དོན་རྐྱེན་དེའི་བྱེ་བྲག་གི་འབྱུང་རྐྱེན་ལ་རྟོག་ཞིབ་བྱེད་བཞིན་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།