ཀྲུང་གོ་བོད་ཀྱི་དྲ་བ།

ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོས་གློ་བུར་དུ་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་ནས་ཐ་ལེ་པན་དང་ཞི་བའི་གྲོས་མོལ་བྱེད་པའི་དོན་དག་གི་སྐོར་ནས་གྲོས་སྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-08
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་མེ་རི་ཁའི་རྒྱལ་སྲུང་དཔོན་པོ་མཱ་ཏེ་སི་ཡིས་ཚེས་བདུན་ཉིན་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱས་ནས། ཟླ་འདིའི་ཚེས་གཉིས་ཉིན་འགན་ཁུར་བའི་ཨ་ཧྥུའུ་ཧན་གྱི་ཨ་རིའི་དམག་དཔུང་དང་ནུབ་ཀྱི་རྒྱ་མཚོ་ཆེན་མོ་བྱང་མའི་སྤྱི་ཆིངས་རྩ་འཛུགས་ཀྱི་དམག་དཔུང་གི་ཆེས་མཐོའི་བཀོད་འདོམས་དཔོན་པོ་སི་ཁོ་ཐི་མུས་ལེ་ལ་ཐུག་འཕྲད་བྱས་ཏེ། ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་དྲག་ཆས་རྩ་འཛུགས་ལ་ཞི་བའི་གྲོས་མོལ་བྱེད་པ་སོགས་ཀྱི་དོན་དག་གི་སྐོར་གླེང་།

ཨ་ཧྥུའུ་ཧན་གྱི་ཙུང་ཐུང་གི་མགྲིན་ཚབ་པ་ཧྲ་ཧན་སུའུ་ལེ་ཡིས་ཨ་མེ་རི་ཁའི་མཉམ་འབྲེལ་གསར་འགྱུར་ཁང་གི་གསར་འགོད་པར་བཤད་རྒྱུར། མཱ་ཏེ་སི་ཡིས་ཨ་ཧྥུའུ་ཧན་གྱི་ཙུང་ཐུང་ཅ་ཉི་དང་དཔོན་རིགས་གཞན་པར་ཐུག་འཕྲད་བྱེད་རྒྱུ་རེད་ཟེར།

མཱ་ཏེ་སི་ཡིས་ཨ་ཧྥུའུ་ཧན་ལ་འཚམས་འདྲི་བྱེད་རྒྱུ་ཡིན་པའི་དོན་དག་གི་སྐོར་སྔོན་ལ་ཕྱི་ཕྱོགས་སུ་བསྒྲགས་མེད།

ལུའུ་ཐི་གསར་འགྱུར་ཁང་གི་བཤད་ཚུལ་ལྟར་ན། ཨ་ཧྥུའུ་ཧན་གྱི་དམག་འཁྲུག་ལོ་བཅུ་བདུན་རྒྱུན་བསྲིངས་པས། ཨ་མེ་རི་ཁའི་དུས་ཚོད་ཆེས་རིང་བའི་དམག་འཁྲུག་ཅིག་ཏུ་གྱུར་ཡོད། འདས་པའི་ལོ་གཅིག་གི་རིང་ལ། ཨ་མེ་རི་ཁས་ཨ་ཧྥུའུ་ཧན་གྱི་ཐ་ལེ་པན་ལ་གནོན་ཤུགས་ཆེན་པོ་བྱིན་པ་དང་། དེའི་ནང་དུ་བར་སྣང་ནས་འཇབ་རྒོལ་བྱེད་ཚད་ཇེ་མང་དུ་བཏང་བ་དང་། ཨ་ཧྥུའུ་ཧན་གྱི་དམག་དཔུང་ལ་སྦྱོར་བརྡར་དང་བློ་འདོན་ཞབས་ཞུ་འདོན་སྤྲོད་བྱེད་པའི་ཨ་རིའི་དམག་མི་སྔར་ལས་མང་པོ་མངགས་པ་སོགས་བྱས་ནས། ཐ་ལེ་པན་ལ་གྲོས་མོལ་བྱེད་དུ་འཇུག་རྩིས་བྱས།

ཡིན་ནའང་ཨ་ཧྥུའུ་ཧན་གྱི་བདེ་འཇགས་གནས་བབ་ཇེ་སྡུག་ལ་སོང་ནས། རྒྱལ་ས་ཁ་པོར་སོགས་ས་ཁུལ་ལ་ཉེ་སྔོན་བསྟུད་མར་ཐ་ལེ་པན་དང་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་བཞིན་ཡོད། གཞན་ཡང་ཐ་ལེ་པན་གྱིས་ཅ་ཙི་ཉི་ཞིང་ཆེན་ལ་འཇབ་རྒོལ་ཆེན་པོ་བྱས་ཏེ། ཨ་ཧྥུའུ་ཧན་གྱི་བདེ་འཇགས་དམག་དཔུང་ལ་འཐབ་འཁྲུག་དྲག་པོ་བརྒྱབ་པ་དང་། བཤད་ཚུལ་ལྟར་ན་ཁོ་ཚོས་རྗེས་ཕྱོགས་གྲོས་མོལ་བྱེད་པར་ཆ་རྐྱེན་སྔར་ལས་མང་པོ་འདོན་རྩིས་ཡོད་ཟེར།

ཨ་མེ་རི་ཁས་ཨ་ཧྥུའུ་ཧན་ནས་བསླངས་པའི་དམག་འཁྲུག་ལ་ཀུན་གྱིས་ཐེ་ཚོམ་འཛིན་སྐབས་སུ། མཱ་ཏེ་སི་ཚེས་བདུན་ཉིན་ཨ་ཧྥུའུ་ཧན་ལ་སོང་བ་དང་། ཨ་མེ་རི་ཁའི་དམག་དཔུང་གི་ཇུས་འདོན་དཔོན་མཉམ་འབྲེལ་གྲོས་ཚོགས་ཀྱི་ཀྲུའུ་ཞི་ཏིན་ཧྥུའུ་ལུའུ་ཡང་ཁོ་དང་མཉམ་དུ་སོང་། མཱ་ཏེ་སི་ཡིས་གཟའ་འཁོར་འདིའི་ནང་ཨ་ཧྥུའུ་ཧན་གྱི་གནས་བབ་ཇེ་བཟང་དུ་སོང་ཡོད་ཅེས་བཤད། ཁོས་གསར་འགོད་པར་བཤད་རྒྱུར། ད་ལྟ་ང་ཚོས་མཐོང་བའི་གནས་ཚུལ་མང་པོ་ལས་ཐ་ལེ་པན་དང་ཞི་བའི་འགྲིག་མཐུན་འབྱུང་བ་ནི་སྟོང་བསམ་ཁོ་ན་མིན་པ་མཚོན་ཡོད། ད་ལྟ་དོན་དག་འདི་ལ་སྒྲོམ་གཞི་ཞིག་ཆགས་ཡོད་པ་དང་། གྲོས་མོལ་བྱེད་པར་རེ་བ་ཡང་ཅུང་ཙམ་ཡོད་ཟེར།

ཨ་མེ་རི་ཁའི་དམག་དཔུང་གི་ཆེས་མཐོའི་དམག་དཔོན་ཡིན་པའི་ཆ་ནས། ཏིན་ཧྥུའུ་ཏི་ཡིས་ཁོ་དང་མཉམ་དུ་སོང་བའི་གསར་འགོད་པར་བཤད་རྒྱུར། ཆེས་གལ་ཆེ་བ་ནི་ཆབ་སྲིད་དང་ཞི་བའི་འགྲིག་མཐུན་འཕེལ་རིམ་འབྱེད་རྒྱུ་དེ་ཡིན། དམག་དོན་གྱི་ཐད་ནས་བལྟས་ན། ང་ཚོས་བསྒྲུབ་དགོས་པ་ནི་ཐ་ལེ་པན་ལ་ཁོ་ཚོས་གཡུལ་ས་ནས་རྒྱལ་ཁ་ལེན་མི་ཐུབ་པས། ཞི་བའི་འཕེལ་རིམ་ཁྲོད་ཞུགས་རྒྱུ་ཁོ་ན་ལས་མེད་པ་ཤེས་སུ་འཇུག་རྒྱུ་དེ་ཡིན་ཟེར།

ཡིན་ནའང་ཨ་མེ་རི་ཁའི་དཔོན་རིགས་དང་བློ་འདོན་མི་སྣ་ཁ་ཤས་ཀྱིས་ཐ་ལེ་པན་དང་ཞི་བའི་གྲོས་མོ་བྱེད་པར་སེམས་ཆུང་གི་རྣམ་འགྱུར་བཟུང་ཡོད་པ་དང་། དེར་རེ་བ་ཆེན་པོ་འཛིན་མི་རུང་ཞེས་བཤད།

ཨ་མེ་རི་ཁའི་རྒྱལ་སྲིད་སྤྱི་ཁྱབ་ཁང་གི་དཔོན་རིགས་ཤིག་གིས་ཉེ་སྔོན་ཁ་ཐར་ནས་ཐ་ལེ་པན་གྱི་ཁོངས་མི་མང་པོར་ཐུག་འཕྲད་བྱས་ནས། ཞི་བའི་གྲོས་མོལ་རྒྱ་ཆེར་སྤེལ་བར་རྨང་གཞི་བཏིངས། མིང་བཤད་མི་འདོད་པའི་ཨ་མེ་རི་ཁའི་དཔོན་རིགས་ཤིག་གིས་ལུའུ་ཐི་གསར་འགྱུར་ཁང་ལ་བཤད་རྒྱུར། ཐ་ལེ་པན་གྱི་ཁོངས་མི་དེ་དག་ལ་ཤན་ཤུགས་ཅི་ཙམ་ཡོད་པ་དང་། ཐ་ལེ་པན་གྱི་ནང་ཁུལ་དུ་དབང་ཆ་ཡོད་མེད་སོགས་གསལ་པོར་མི་ཤེས་པས། གྲོས་མོལ་དེའི་རིགས་ཀྱི་མཇུག་འབྲས་བཤད་དཀའ་ཟེར།

ཅ་ཉི་ཡིས་ད་ལོའི་ཟླ་གཉིས་པའི་ཟླ་མཇུག་ཏུ་ཐ་ལེ་པན་ལ་སྔོན་འགྲོའི་ཆ་རྐྱེན་ཅི་ཡང་མེད་པར་ཞི་བའི་གྲོས་མོལ་བྱས་ནས། དྲག་ཆས་རྩ་འཛུགས་དེ་ཆབ་སྲིད་ཕྱོགས་ཁག་ཞིག་ཏུ་བརྩིས་ཏེ་སྲིད་འཛིན་པར་ཟབ་ཞུགས་བྱེད་དུ་འཇུག་རྒྱུ་ཡིན་ཞེས་བཤད་མྱོང་།

ཐ་ལེ་པན་གྱི་ཅ་ཉི་ཡི་གྲོས་གཞི་ལ་དངོས་སུ་ལན་མ་བཏབ་མོད། ཡིན་ནའང་སྔོན་ལ་ཨ་མེ་རི་ཁར་གྲོས་མོལ་བྱེད་རྒྱུ་དང་། དེ་ནས་ཨ་ཧྥུའུ་ཧན་སྲིད་གཞུང་དང་གྲོས་མོལ་བྱེད་རྒྱུའི་རེ་བ་ཐེངས་མང་པོར་བཏོན་མྱོང་། ཐ་ལེ་པན་གྱིས་ཉེ་ལམ་ཨ་མེ་རི་ཁ་དང་ཐད་ཀར་དུ་གྲོས་མོལ་བྱེད་པའི་གྲོས་གཞི་ཐེངས་གཉིས་ལ་བཏོན་མོད། ཡིན་ནའང་ཨ་མེ་རི་ཁས་ཨ་ཧྥུའུ་ཧན་སྲིད་གཞུང་ཡང་གྲོས་མོལ་ཁྲོད་དུ་ཞུགས་དགོས་པའི་ལངས་ཕྱོགས་བཟུང་ཡོད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།