ཀྲུང་གོ་བོད་ཀྱི་དྲ་བ།

ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེས་འཛམ་གླིང་ཞི་བདེ་དང་འཕེལ་རྒྱས་ཆེད་ལེགས་སྐྱེས་གལ་ཆེན་ཕུལ་བ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-03
ཡིག་གཟུགས། :ཆུང་། འབྲིང་། ཆེ།

—— པར་ཙིར་གྱི་མཁས་དབང་ཁ་པུ་ལ་ཨེར་ལ་བཅར་འདྲི་ཞུས་པ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  “ཀྲུང་གོའི་སྒྱུར་བཅོས་སྒོ་དབྱེའི་སྲིད་ཇུས་ལག་ལེན་བསྟར་ནས་ལོ་40སོང་རིང་ཀྲུང་གོའི་འཕེལ་རྒྱས་ལ་འཛམ་གླིང་སྐྱེ་བོ་ཀུན་གྱི་དོ་ཁུར་ཐོབ་ཡོད་ལ། ཀྲུང་གོའི་འཕེལ་རྒྱས་ཀྱིས་འཛམ་གླིང་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པས། ཀྲུང་གོའི་སྒོ་དབྱེས་འཛམ་གླིང་གི་ཞི་བདེ་འཕེལ་རྒྱས་ཆེད་ལེགས་སྐྱེས་ཧ་ཅང་གལ་ཆེན་ཕུལ་ཡོད་ཅེས་བརྗོད་ཀྱང་ཆོག”པར་ཙིར་གྱི་ཀྲུང་གོ་དང་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེ་མོའི་ཁུལ་གྱི་ཞིབ་འཇུག་ཁང་གི་སུའོ་ཀྲང་སའེ་ཝེ་ལི་ནུའོ·ཁ་པུ་ལ་ཨེར་གྱིས་ཉིན་ཤས་གོང་ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པའི་ཆེད་དོན་བཅར་འདྲི་དང་ལེན་བྱེད་སྐབས་དེ་ལྟར་བརྗོད་པ་རེད།

དགེ་རྒན་ཆེ་མོ་བ་ཁ་པུ་ལ་ཨེར་གྱིས་པར་ཙིར་གྱི་མཐོ་རིམ་སློབ་གླིང་མང་པོ་དང་ཞིབ་འཇུག་སྒྲིག་གཞིར་རྒྱལ་སྤྱིའི་འབྲེལ་བའི་ཞིབ་འཇུག་གནང་གི་ཡོད་པས། ཁོང་གིས་ཀྲུང་གོའི་འཕེལ་རྒྱས་ཀྱིས་རྒྱལ་སྤྱིའི་དུས་བབ་དང་ལྷག་དོན་དུ་པར་ཙིར་དང་ལ་ཏིང་མེ་གླིང་ས་ཁུལ་ལ་ཤུགས་རྐྱེན་ཐེབས་ཚུལ་ལ་དོ་སྣང་ཆེན་པོ་བྱེད་ཀྱི་ཡོད་པ་རེད། ཁོང་གིས“ཀྲུང་གོ་ནི་ཞིང་ལས་གཙོ་བོར་བྱེད་པའི་རྒྱལ་ཁབ་ནས་འཛམ་གླིང་གི་དཔལ་འབྱོར་དངོས་ཚན་ཆེན་པོ་ཨང་གཉིས་པར་གྱུར་པའི་དོན་དངོས་དེ་ཐོག་ནས་ཀྲུང་གོའི་སྒོ་དབྱེའི་གྲུབ་འབྲས་གསལ་བཤད་གང་ལེགས་བྱེད་ཐུབ། དེ་དང་དུས་མཚུངས་ཀྲུང་གོའི་འཕེལ་རྒྱས་ཀྱིས་ཀྱང་འཛམ་གླིང་ལ་འགྱུར་ལྡོག་གཏོང་བཞིན་ཡོད་པ་དང་། འཛམ་གླིང་གི་དཔལ་འབྱོར་དང་ཆབ་སྲིད་རྩ་འཛུགས་ཁྲོད་དུ་ཀྲུང་གོའི་ནུས་པ་སྔར་བས་ཆེ་རུ་འགྲོ་བཞིན་ཡོད་ལ། འཛམ་གླིང་གི་གར་སྟེགས་ཐོག་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཆེད་དུ་ནུས་པ་ཆེན་པོ་ཡང་འདོན་བཞིན་ཡོད”ཅེས་བརྗོད་པ་རེད།ཁ་པུ་ལ་ཨེར་གྱིས་འཛམ་གླིང་གི་ཞི་བདེ་དང་འཕེལ་རྒྱས་ལ་དགོས་གལ་ཆེ་ཤོས་ནི་ཐུན་མོང་འཕེལ་རྒྱས་གཏོང་རྒྱུ་དེ་ཡིན་པ་ངོས་འཛིན་བྱེད་ཀྱི་ཡོད་ཅིང་། ཁོང་གིས“ཀྲུང་གོའི་སྒོ་དབྱེས་ཀྲུང་གོ་འཛམ་གླིང་དང་སྦྲེལ་མཐུད་ཐུབ་པ་མ་ཟད། ཀྲུང་གོའི་འཕེལ་རྒྱས་འཛམ་གླིང་འཕེལ་རྒྱས་ཀྱི་བགྲོད་ལམ་ཨ་མའི་ནང་དུ་བཅུག་ཡོད། ཀྲུང་གོས་དཔལ་འབྱོར་གྱི་གྲུབ་འབྲས་གལ་ཆེན་ཐོབ་རྗེས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཞན་དག་བརྗེད་མེད། བཙན་དབང་རིང་ལུགས་ཀྱི་བྱ་ཐབས་མ་སྤེལ་བར་འཛམ་གླིང་འདི་ཉིད་གཅིག་མཐུན་འདུས་གྲུབ་ལྟ་བུར་བརྩི་ཡི་ཡོད། ཉེ་བའི་ལོ་ཤས་རིང་ཀྲུང་གོས་བཏོན་པའི‘རྒྱུད་གཅིག་ལམ་གཅིག’གི་གྲོས་འགོ་འདི་ནི་ཐུན་མོང་འཕེལ་རྒྱས་གཏོང་བའི་ལམ་བུ་ཡང་དག་ཅིག་རེད”ཅེས་བརྗོད་པ་རེད།

དུས་རབས་གོང་མའི་ལོ་རབས་90པ་ཚུན་དུ་ཁ་པུ་ལ་ཨེར་གྱིས་ཀྲུང་གོའི་འཕེལ་རྒྱས་ལ་ཐོག་མཐའ་བར་གསུམ་དུ་དོ་ཁུར་བྱེད་ཀྱི་ཡོད་ཅིང་། ཁོང་གིས་བྲིས་པའི་དེབ་ནང་《ཀྲུང་གོ་གསར་པའི་ལོ་50》དང་། 《སྣེ་མང་འཛམ་གླིང་ཁྲོད་ཀྱི་ཀྲུང་གོ་དང་པར་ཙིར་》 《ཀྲུང་པར་འབྲེལ་བ། དུས་རབས་ཉེར་གཅིག་པའི་འགྲན་སློང་》སོགས་ཚུད་པ་དང་། རིགས་གཅིག་མཁས་ཅན་གཞན་དང་མཉམ་དུ་རྩོམ་སྒྲིག་བྱས་ནས་བྲིས་པའི་དེབ་ནང་《ཀྲུང་གོར་ལྟོས་དང་》ཞེས་པ་དང་། 《ཀྲུང་གོ་དང་ལ་ཏིང་མེ་གླིང་། མཉམ་ལས་དང་འཕེལ་རྒྱས་ཀྱི་དོ་གནད་གསར་པ་》ཞེས་པ་སོགས་ཚུད་ཡོད། ཁོང་གིས་ད་དུང་རྒྱུན་དུ་ནས་པར་ཙིར་གྱི་ཚགས་པར་དང་དུས་དེབ་ཐོག་རྩོམ་ཡིག་བཏོན་ནས་ཀྲུང་གོ་ངོ་སྤྲོད་བྱེད་ཀྱི་ཡོད། ཁོང་གིས་ཀྲུང་གོ་པར་ཙིར་ལ་ངོ་སྤྲོད་བྱེད་དོན་ནི་པར་ཙིར་དང་ལ་ཏིང་མེ་གླིང་གི་རྒྱལ་ཁབ་ཀྱིས་ཀྲུང་གོའི་འཕེལ་རྒྱས་ཀྱི་ཉམས་མྱོང་དཔྱད་གཞིར་འཛིན་རྒྱུ་དེ་ཡིན་ཞེས་བརྗོད་ཀྱི་ཡོད།

“ད་ཆ་ཀྲུང་གོའི་འཕེལ་རྒྱས་དེ་སྐམ་སའི་དབུས་ཁུལ་དུ་རྒྱ་སྐྱེད་གཏོང་བཞིན་ཡོད། ངས་ཀྲུང་གོར་འཚམས་འདྲི་བྱེད་རིང་ཁྲུང་ཆིང་སོགས་སྐམ་སའི་དབུས་ཁུལ་གྲོང་ཁྱེར་དུའང་རྒྱལ་སྒྲོལ་ཁེ་ལས་མང་པོ་གཞིས་ཆགས་ཡོད་པ་མཐོང་བྱུང་། ནུབ་རྒྱུད་འཛུགས་སྐྲུན་དེ་སྟོང་གཏམ་ཁོ་ན་བཤད་ནས་མ་བསྡད་པར‘སྤྱི་ཚོགས་རིང་ལུགས་ཀྱི་གྲོང་གསེབ་གསར་པ’འཛུགས་སྐྲུན་བྱས་པས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཆུང་དུ་ཕྱིན་ཡོད། དེ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཧེ་བག་ཧ་ཅང་ཆེ་བའི་སྣང་ཚུལ་བསྡུར་བ་དུ་གྱུར་པས་ང་ཚོས་དེ་ནས་ཉམས་མྱོང་སློབ་སྦྱོང་ཐུབ་རྒྱུའི་རེ་བ་བྱེད་ཀྱི་ཡོད”ཁ་པུ་ལ་ཨེར་གྱིས“ཚན་རྩལ་ཐད་ཀྲུང་གོ་དང་པར་ཙིར་གྱི་ས་གོ་ལའི་ཐོན་ཁུངས་སྲུང་སྐར་རྣམ་གྲངས་མཉམ་ལས་བྱས་ནས་འདི་ལོ་ལོ་30འཁོར་གྱི་ཡོད་པས། ལྷོ་ལྷོ་མཉམ་ལས་ཀྱི་དཔེ་མཚོན་དུ་གྱུར་ཡོད། ཕྱོགས་གཉིས་ཀྱིས་ད་དུང་ནཱ་སྨི་ཚན་རྩལ་དང་། དྲ་རྒྱ་གསར་སྤེལ། འོད་ཁྲིད་ཚི་སྐུད། རྒྱ་མཚོའི་རྡོ་སྣུམ་སྔོག་འདོན་སོགས་ཁྱབ་ཁོངས་རྩེ་གྲའི་མཉམ་ལས་བྱ་རྒྱུ་རེད”ཅེས་བརྗོད་པ་རེད

མ་འོངས་ལ་རྒྱང་ལྟ་བྱེད་སྐབས། ཁ་པུ་ལ་ཨེར་གྱིས་ཀྲུང་གོ་དང་ལ་ཏིང་མེ་གླིང་ས་ཁུལ་གྱི་མཉམ་ལས་ལ་གཏིང་ཤུགས་ཧ་ཅང་ཆེན་པོ་ལྡན་པས། དཔལ་འབྱོར་ཚོང་དོན་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་མཉམ་ལས་བྱེད་བཞིན་པ་ཕུད། ཕྱོགས་གཉིས་པོས་ཚན་རྩལ་དང་། སྤྱི་ཚོགས་དང་རིག་གནས་སྣང་ཚུལ་སྣ་ཚོགས། ལུས་རྩལ་སོགས་ཐད་ལའང་གོ་སྐབས་ཧ་ཅང་མང་པོ་ཡོད་པའི་ངོས་འཛིན་བྱེད་ཅིང་། ཁོང་གིས“ཀྲུང་གོ་དང་ལ་ཏིང་མེ་གླིང་དབར་ས་ཐག་རིང་པོ་ཆོད་ཀྱང་མཁས་དབང་དང་གསར་འགོད་པས་ཀྲུང་གོའི་གཏམ་རྒྱུད་དངོས་ཡོད་ཐོག་ནས་ཤོད་པའི་འགན་འཁྲི་ཕྲག་ཐོག་ཏུ་འཁུར་དགོས། དྲ་སྦྲེལ་བྱ་འཕུར་བ་ལྟར་འཕེལ་རྒྱས་བྱུང་བས་ཕྱོགས་གཉིས་པོའི་དབར་རྒྱུས་མངའ་ཡོང་རྒྱུར་སྟབས་བདེ་ཧ་ཅང་ཆེན་པོ་བསྐྲུན་ཡོད། ཀྲུང་གོའི་ཉམས་མྱོང་བརྒྱུད་སྤེལ་ཡག་པོ་ཐུབ་ཚེ་ལ་ཏིང་མེ་གླིང་རྒྱལ་ཁབ་ལ་ཕན་པ་མྱུར་པོ་ཐོབ་ཐུབ”ཅེས་བརྗོད་པ་རེད། ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ། ཀྲའོ་ཡན་དང་ཁྲེན་ཝེ་ཧྭ 


རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།