ཀྲུང་གོ་བོད་ཀྱི་དྲ་བ།

ཕ་ལེ་སི་ཐན་གྱིས་ཨ་མེ་རི་ཁས་ཕ་ལེ་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པར་རྒོལ་གཏམ་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-09-01
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གིས་ཟླ་བརྒྱད་པའི་ཚེས་སུམ་ཅུ་ཉིན་གསལ་བསྒྲགས་སྤེལ་ནས། ཨ་མེ་རི་ཁའི་ཙུང་ཐུང་ཐི་ལང་ཕུའུ་ཡི་རྒྱལ་སྤྱིའི་གྲོས་མོལ་གྱི་དམིགས་བསལ་འཐུས་མི་ཀི་ལིན་པུའུ་ལཱ་ཐི་ཡིས་ཕ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ལ་སྐྱོན་བརྗོད་བྱས་པར་རྒོལ་གཏམ་བཏང་ནས། དེ་ནི་ཕ་ལེ་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱས་པ་ཡིན་པས། ཕ་ལེ་སི་ཐན་ཕྱོགས་ཀྱིས་དེར་ངོ་རྒོལ་མཐའ་འཁྱོལ་བྱེད་པ་ཡིན་ཞེས་བཤད།

བསྒྲགས་པའི་གནས་ཚུལ་ལྟར་ན། ཀི་ལིན་པུའུ་ལཱ་ཐི་ཡིས་ཉེ་སྔོན་གསལ་བསྒྲགས་སྤེལ་ནས་བཤད་རྒྱུར། ཨ་མེ་རི་ཁའི་སྲིད་གཞུང་གིས་ཨེ་ཅིབ་ཀྱིས་ཅ་ཧྲ་ས་ཁུལ་གྱི་ལྷིང་འཇགས་སླར་གསོ་བྱེད་པ་དང་། ཕ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཡང་བསྐྱར་ཅ་ཧྲ་ས་ཁུལ་དུ་ལོག་པར་བྱེད་པར་རྒྱབ་སྐྱོར་བྱེད་རྒྱུ་ཡིན་ཞེས་བཤད་པ་དང་། ཁོས་ཕ་ལེ་སི་ཐན་མི་རིགས་དབང་ཤུགས་ལས་ཁུངས་ཀྱིས་སྐྱོན་བརྗོད་ཁོ་ན་བྱས་ཏེ་འདུག་མི་རུང་ཞེས་བཤད་པ་རེད་ཟེར།

ཕ་ལེ་སི་ཐན་གྱི་ཙུང་ཐུང་བཞུགས་ཤག་གི་མགྲིན་ཚབ་པ་ལུའུ་ཏའེ་ནཱ་ཡིས་ཚེས་སུམ་ཅུ་ཉིན་བཤད་རྒྱུར། ཕ་ལེ་སི་ཐན་མི་དམངས་ཀྱི་ལས་དབང་དང་ཁྲིམས་མཐུན་འགོ་ཁྲིད་རིམ་པ་ནི་རང་གིས་གདམ་གསེས་དང་ཐག་གཅོད་བྱེད་དགོས་ལ། ཕ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ནི་ད་གཟོད་ཕ་ལེ་སི་ཐན་མི་དམངས་ཀྱི་ཁྲིམས་མཐུན་འཐུས་ཚབ་གཅིག་པུ་ཡིན་ཟེར། ཁོས་ནན་གྱིས་བསྟན་དོན། ཕ་ལེ་སི་ཐན་གྱི་མི་དམངས་དང་འགོ་ཁྲིད་རིམ་པས་ཅ་ཧྲ་ས་ཁུལ་ཁ་གཡོར་སར་བྱས་ཏེ་ཕ་ལེ་སི་ཐན་གྱི་ནང་སྲིད་ལ་ཐེ་གཏོགས་བྱེད་པའི་ལྐོག་གཡོ་ཡོད་ཚད་ལ་ངོ་རྒོལ་བྱེད་པ་ཡིན། ཕ་ལེ་སི་ཐན་གྱི་ཕྱོགས་སོ་སོ་དང་ལྷག་པར་དུ་དབྱི་སི་ལན་འགོག་རྒོལ་ལས་འགུལ་ཧ་མ་སི་ཡིས་རྩ་དོན་མི་འདོར་བར། རྒྱལ་ཁབ་ཀྱི་ཁེ་ཕན་དང་ཏང་ཁག་ཁེ་ཕན་ལས་གལ་ཆེ་བར་འཛིན་དགོས་ཟེར།

མིག་སྔར། ཨ་ཅིབ་ཀྱི་གཙོ་ཁྲིད་འོག་ཏུ། ཧ་མ་སི་དང་ཕ་ལེ་སི་ཐན་གྱི་ཕྱོགས་ཁག་ཁ་ཤས་ཀྱིས་ཁའེ་ལོ་ནས་དབྱི་སི་རལ་བར་དུ་ཡུན་རིང་པོར་དམག་འཁྲུག་མཚམས་འཇོག་པ་དང་། དབྱི་སི་རལ་གྱིས་ཅ་ཧྲ་ས་ཁུལ་ལ་བཀག་སྡོམ་བྱེད་མཚམས་འཇོག་པའི་ཐད་ནས་གྲོས་མོལ་བྱེད་བཞིན་ཡོད། ཕ་ལེ་སི་ཐན་གྱི་ཙུང་ཐུང་ཨ་པ་སི་ཡིས་འགོ་ཁྲིད་པའི་ཕ་ལེ་སི་ཐན་བཅིངས་འགྲོལ་ལས་འགུལ་ཧྥ་ཐ་ཧི་གྲོས་མོལ་དེར་ཞུགས་མེད། ཧྥ་ཐ་ཧི་ཡིས་ཕ་ལེ་སི་ཐན་བཅིངས་འགྲོལ་ལས་འགུལ་མ་ཞུགས་པའི་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་ཡོད་ཚད་ལ་ངོ་རྒོལ་བྱེད་བཞིན་ཡོད་ལ། དབྱི་སི་རལ་གྱིས་དམག་འཁྲུག་མཚམས་འཇོག་པའི་གྲོས་ཆོད་འགོད་པ་ནི་རྒྱལ་ཁབ་ཀྱི་བྱ་སྤྱོད་ཡིན་པ་ལས། ཕྱོགས་ཁག་གི་བྱ་སྤྱོད་མིན་ཞེས་བཤད་པར་མ་ཟད། སྔོན་ལ་ཕ་ལེ་སི་ཐན་ནང་ཁུལ་གྱི་འགྲིག་མཐུན་མངོན་འགྱུར་བྱས་རྗེས་ད་གཟོད་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་བྱེད་དགོས་ཞེས་བཤད། ཡིན་ནའང་ཧ་མ་སི་ཡིས་ནང་ཁུལ་གྱི་འགྲིག་མཐུན་དེ་དམག་འཁྲུག་མཚམས་འཇོག་པའི་གྲོས་མོལ་གྱི་ཆ་རྐྱེན་དུ་བྱེད་པ་ཁས་མ་བླངས་པར། དེ་གཉི་ག་མཉམ་གཅིག་དུ་སྤེལ་ཆོག་པར་འདོད་ཡོད།

ཧ་མ་སི་ཡིས་ཉིས་སྟོང་བདུན་ལོར་དྲག་ཤུགས་ལ་བརྟེན་ནས་ཅ་ཧྲ་ས་ཁུལ་གྱི་ཚོད་འཛིན་དབང་ཆ་འཕྲོག་རྗེས། ཧྥ་ཐ་ཧི་ཡིས་ཅོར་ཏན་གཙོང་བོའི་ནུབ་འགྲམ་ས་ཁུལ་དངོས་སུ་བཟུང་ནས། ཕ་ལེ་སི་ཐན་ནང་ཁུལ་དུ་སིལ་བུར་འཐོར་བའི་གནས་ཚུལ་བྱུང་། ཨ་ཅིབ་ཀྱི་བར་འདུམ་འོག་ཏུ། ཕྱོགས་ཁག་གཉིས་ཀྱིས་ཉིས་སྟོང་བཅུ་བདུན་ལོའི་ཟླ་བཅུ་པར་འགྲིག་མཐུན་གྱི་གྲོས་ཆོད་བཀོད་མོད། ཡིན་ནའང་ཕྱོགས་གཉིས་བར་དུ་འགལ་བ་སྔར་བཞིན་གནས་པས། གྲོས་ཆོད་དེ་ལག་བསྟར་ངོ་མ་བྱེད་མ་ཐུབ་ལ། སིལ་བུར་འཐོར་བའི་སྣང་ཚུལ་ཡང་མཇུག་རྫོགས་མེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།