མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དབྱི་སི་རལ་གྱིས་ཡིའུ་ཐེ་མི་རིགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་པར་སེམས་ཁུར་བྱེད་པའི་ཚུལ་བསྟན།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་དྲུང་ཡིག་ཆེན་མོ་ཀུའུ་ཐི་ལོས་སིའི་མགྲིན་ཚབ་པ་ཧཱ་ཁི་ཡིས་ཚེས་ཉི་ཤུའི་ཉིན་དབྱི་སི་རལ་གྱིས་ཡིའུ་ཐེ་མི་རིགས་རྒྱལ་ཁབ་ཀྱི་བཅའ་ཁྲིམས་འཆར་ཟིན་ལ་གྲོས་མཐུན་བཀོད་དེ་སེམས་ཁུར་བྱེད་པའི་ཚུལ་བསྟན་པ་དང་། ཕྱོགས་སོ་སོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་གཏོར་བརླག་བྱེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་།

ཧཱ་ཁི་ཡིས་ཚེས་ཉི་ཤུའི་ཉིན་གསར་འགོད་པའི་སྒྲོག་སྤེལ་ཚོགས་འདུའི་སྟེང་བཤད་རྒྱུར། རྒྱལ་ཁབ་སོ་སོས་རང་རང་གི་རྩ་ཁྲིམས་ཀྱི་ཁྱད་ཆོས་གཏན་འཁེལ་བྱེད་པའི་དབང་ཆ་ཡོད་པ་དང་། མཉམ་འབྲེལ་རྒྱལ་ཚོགས་ཀྱིས་དེར་བརྩི་འཇོག་བྱེད་སྲིད། ཡིན་ཡང་མཉམ་འབྲེལ་རྒྱལ་ཚོགས་ཀྱིས་ད་རུང་རྒྱལ་ཁབ་སོ་སོས་ངེས་པར་དུ་ཁ་གྲངས་ཉུང་བའི་མི་རིགས་ཀྱི་ཁེ་དབང་ལ་སྲུང་སྐྱོབ་བྱེད་པ་འདུས་པའི་འགྲོ་མིའི་ཐོབ་ཐང་གི་རྩ་དོན་བརྩི་སྲུང་བྱེད་དགོས་པ་ནན་བཤད་བྱས་ཡོད་ཟེར།

ཧཱ་ཁི་ཡིས་བཤད་རྒྱུར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འབྲེལ་ཡོད་གྲོས་ཆོད་དང་བཀོད་པའི་གྲོས་མཐུན་ལྟར་ན། གྲོས་མོལ་ལ་བརྟེན་ནས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞི་མངོན་འགྱུར་བྱེད་པ་ནི་དབྱི་སི་རལ་དང་ཕཱ་ལེ་སི་ཐན་གྱི་ཡུན་རིང་ཞི་བདེ་མངོན་འགྱུར་བྱེད་པའི་ཐར་ལམ་ཉག་ཅིག་ཡིན་ཟེར། ཁོས་ཕྱོགས་སོ་སོས་རྒྱལ་ཁབ་གཉིས་ཀྱི་ཇུས་གཞིར་གཏོར་བརླག་བྱེད་པའི་ཕྱོགས་གཅིག་གི་འགུལ་སྐྱོད་སྤེལ་བར་སྔོན་འགོག་བྱེད་དགོས་པའི་འབོད་སྐུལ་བཏང་། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།