ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་དུར་འཇུག་བྱེད་ས་ཞིག་ལ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ་ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་བྱང་ཕྱོགས་ཀྱི་སཱ་ཨར་ཕུའུ་ལེ་ཞིང་ཆེན་གྱི་དཔོན་རིགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། ཞིང་ཆེན་དེའི་སེ་དབྱེ་ཏི་ས་ཁུལ་གྱི་དུར་འཇུག་བྱེད་ས་ཞིག་ལ་ཉིན་དེར་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཇབ་རྒོལ་ཐེབས་ཏེ། ཉུང་མཐར་ཡང་མི་བཅོ་ལྔ་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་ལྔར་རྨས་ཕོག་ཟེར།

སཱ་ཨར་ཕུའུ་ལེ་ཞིང་ཆེན་སྲིད་གཞུང་གི་མགྲིན་ཚབ་པ་ཨ་མཱ་ནེ་ཡིས་བསྟན་དོན། ཉིན་དེར་དུར་འཇུག་མཛད་སྒོའི་སྟེང་ཐཱ་ལེ་པན་རྩ་འཛུགས་ཀྱི་ས་དེའི་བཀོད་འདོམ་དཔོན་པོ་ཞིག་དུར་འཇུག་བྱེད་བཞིན་ཡོད་པ་རེད། མི་དེས་ཚེས་བཅུ་དྲུག་ཉིན་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་བར་འཁྲུག་རྩོད་བྱེད་སྐབས་མེ་མདའ་ཕོག་ནས་རྐྱེན་ལམ་དུ་ཤོར་བ་རེད་ཟེར།

ཨ་མཱ་ནེ་ཡིས་བཤད་རྒྱུར། ཉུང་མཐར་ཡང་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་དྲག་ཆས་ཉེས་ཅན་གཉིས་སྡེ་མིར་བརྫུས་ཏེ་དུར་འཇུག་བྱེད་སར་ཡོང་ནས། མི་ཚོགས་ལ་མེ་མདས་བརྒྱབ་རྗེས་མྱུར་མོར་བྲོས་བྱོལ་བྱས། འདས་པོའི་ཁྲོད་ཐཱ་ལེ་པན་གྱི་ཁོངས་མི་མང་བོ་ཡོད་ཟེར།

གཞན་ཡང་ཨ་ཧྥུའུ་ཧན་ཕཱ་ཅེ་ཝ་ཁི་འཕྲིན་གཏོང་ཁང་གིས་བསྒྲགས་པ་ལྟར་ན། ཐེངས་འདིའི་འཇབ་རྒོལ་ལས་མི་སེར་དཀྱུས་མ་བཅོ་ལྔ་དང་ཐཱ་ལེ་པན་གྱི་ཁོངས་མི་བདུན་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་མང་བོར་རྨས་ཕོག་ཡོད་ཟེར།

དབྱེ་ཞིབ་ལས་བཤད་རྒྱུར། དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་དང་ཐཱ་ལེ་པན་གྱིས་སྟོབས་ཤུགས་ཁྱབ་ཁོངས་རྩོད་ཆེད་ཐེངས་མང་བོར་འཁྲུག་རྩོད་བྱས་པ་ཡིན་པས། ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་དེ་དབྱི་སི་ལན་རྒྱལ་ཁབ་ཅེས་པའི་ཐལ་སྤྱོད་རྩ་འཛུགས་ཀྱི་འཁོན་ལན་སློག་པའི་བྱ་སྤྱོད་ཅིག་ཡིན་པར་འདོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།