ཀྲུང་གོ་བོད་ཀྱི་དྲ་བ།

དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་གྱི་བཀག་སྡོམ་ཤུགས་ཚད་ཇེ་ཆེར་བཏང་།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཕཱ་ལེ་སི་ཐན་འབྲེལ་ཡོད་ཕྱོགས་ཀྱིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཅཱ་ཧྲ་ས་ཁུལ་ནས་དབྱི་སི་རལ་བར་གྱི་དངོས་ཟོང་སྐྱེལ་འདྲེན་གྱི་གྲུ་ཁ་གཅིག་པུའི་སྒོ་བརྒྱབ་ཡོད་པར་མ་ཟད། ཅཱ་ཧྲའི་མཚོ་འགྲམ་ས་ཁུལ་གྱི་ཉ་འཛིན་པའི་ཁྱབ་ཁོངས་ཡང་ཇེ་ཆུང་དུ་བཏང་ཡོད་ཟེར།

ཅཱ་ཧྲ་ས་ཁུལ་གྱི་དངོས་ཟོང་སྐྱེལ་འདྲེན་ལ་མཐུན་སྦྱོར་བྱེད་པའི་འགན་ཁུར་བའི་ཕཱ་ལེ་སི་ཐན་གྱི་དཔོན་པོ་ཧྥ་ཐུའུ་ཧི་ཡིས་ཚེས་བཅུ་བདུན་ཉིན་བཤད་རྒྱུར། དབྱི་སི་རལ་གྱིས་ཕཱ་ལེ་སི་ཐན་ལ་དངོས་སུ་བརྡ་བཏང་སྟེ། ཅཱ་ཧྲ་ས་ཁུལ་ཤར་ལྷོའི་ཕྱོགས་ཀྱི་དབྱི་སི་རལ་བར་འདབས་འབྲེལ་དུ་ཡོད་པའི་ཁའེ་ལོས་མུའུ་ཧྲ་ལོ་མུའུ་སྐྱེལ་འདྲེན་གྲུ་ཁའི་སྒོ་བརྒྱག་རྒྱུ་ཡིན་པ་དང་། དགོས་མཁོ་ཡོད་དུས་སྨན་རྫས་དང་གཞི་རྩའི་ཟས་རིགས་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་དུ་འཇུག་རྒྱུ་ཡིན་ཟེར།

མཚམས་སྦྱོར་བྱས་པ་ལྟར་ན། དབྱི་སི་རལ་ཕྱོགས་ཀྱིས་རང་གི་བདེ་འཇགས་རྒྱུ་མཚན་དུ་བྱས་ཏེ་དངོས་ཟོང་རིགས་སྣ་ལྔ་བརྒྱ་ལྷག་ཅཱ་ཧྲ་ས་ཁུལ་དུ་སྐྱེལ་འདྲེན་བྱེད་པར་གཏན་འགོག་བྱས། དེའི་ནང་འཛུགས་སྐྲུན་རྒྱུ་ཆ་དང་ཤིང་ཆ། རྣོ་ལྕགས། འབར་རྫས། རས། ཟས་རིགས་དང་སྨན་རྫས་ཁག་ཅིག་སོགས་འདུས།

དེ་ལས་གཞན་ཅཱ་ཧྲ་ས་ཁུལ་གྱི་ཉ་བདའི་མཐུན་ཚོགས་ཀྱིས་བཤད་རྒྱུར། དབྱི་སི་རལ་གྱིས་ཚེས་བཅུ་བདུན་ཉིན་ནས་བཟུང་ཅཱ་ཧྲ་ས་ཁུལ་གྱི་ཉ་འཛིན་ཁྱབ་ཁོངས་མཚོ་འགྲམ་བར་མཚོ་ལེ་དྲུག་ཡོད་པ་དེ་མཚོ་འགྲམ་བར་མཚོ་ལེ་གསུམ་དུ་ཇེ་ཆུང་ལ་བཏང་ཡོད་ཟེར།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།