ཀྲུང་གོ་བོད་ཀྱི་དྲ་བ།

གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་ནས་སྤེལ།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-18
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཐོ་རིམ་གླེང་སྟེགས་སྐབས་གསུམ་པ་ཚེས་བཅོ་བརྒྱད་ཉིན་ནས་ཚེས་བཅུ་དགུའི་ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཁའེ་ཕུའུ་ཏོན་ནས་སྤེལ།

གསེར་གྱོམ་རྒྱལ་ཁབ་ལྔ་ནས་ཡོང་བའི་གསར་འགྱུར་སྨྱན་བྱད་ལས་ཁུངས་ཀྱི་འགན་ཁུར་བས་གསེར་གྱོམ་གྱི་རྒྱས་བརྗོད་དེ་སྨྱན་བྱད་ཀྱི་གོ་གནས་དང་འགན་འཁྲི་ལ་ཤུགས་སྣོན་པ་དང་། འཛུགས་སྐྲུན་རང་བཞིན་དང་འཕེལ་རྒྱས་རང་བཞིན་གྱི་གསར་འགྱུར་འདུ་ཤེས་ཀྱིས་འཛམ་གླིང་ཡོངས་ཀྱིས་མ་འོངས་པ་མཉམ་སྤྱོད་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཉམ་ལས་ལ་ཤུགས་སྣོན་པར་འཚོལ་ཞིབ་བྱེད་པ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་དང་ཨ་ཧྥེ་རི་ཁ་གླིང་བཅས་གྲོས་གཞི་གསུམ་ལ་དམིགས་ཏེ་གྲོས་བསྡུར་ཞིབ་ཏུ་བྱས།

ད་ལོར་ཨ་ཧྥེ་རི་ཁ་ལྷོ་མས་གསེར་གྱོམ་རྒྱལ་ཁབ་ཀྱི་ཀྲུའུ་ཞིའི་རྒྱལ་ཁབ་ཀྱི་འགན་ཁུར་ཡོད་པ་དང་། གསེར་གྱོམ་རྒྱལ་ཁབ་ཀྱི་མགོ་ཁྲིད་པའི་གྲོས་མོལ་ཐེངས་བཅུ་བ་ཟླ་འདིའི་ཚེས་ཉེར་ལྔ་ཉིན་ནས་ཚེས་ཉེར་བདུན་ཉིན་བར་ཨ་ཧྥེ་རི་ཁ་ལྷོ་མའི་ཡོ་ཧན་ནེ་སི་པའོ་ནས་སྤེལ་རྒྱུ་རེད། ཐེངས་འདིའི་སྨྱན་བྱད་མཐོ་རིམ་གླེང་སྟེགས་དེ་ཡང་ཉིས་སྟོང་བཅོ་བརྒྱད་ལོའི་གསེར་གྱོམ་རྒྱལ་ཁབ་མཉམ་ལས་ཀྱི་ལོ་ཧྲིལ་བོའི་གྲོས་ཚོགས་བཀོད་སྒྲིག་གི་གྲུབ་ཆ་གཙོ་བོ་ཞིག་ཡིན་པ་རེད།

ཐེངས་འདིའི་མཐོ་རིམ་གླེང་སྟེགས་ཀྱིས་བཟོད་སྒོམ་དང་དྲང་བདེན་གྱི་འཛམ་གླིང་ཡོངས་ཀྱི་སྒྲིག་ལམ་འཛུགས་པའི་ཁྲོད་སྨྱན་བྱད་ཀྱི་མཉམ་ལས་ལ་ཤུགས་སྣོན་པ་བརྗོད་སྙིང་དུ་བྱས་ཡོད་ལ། གསེར་གྱོམ་མཉམ་ལས་ཀྱི་དུས་རབས་རླབས་རྒྱུན་དང་མཐུན་པར་བྱས་ཡོད། གླེང་སྟེགས་ཀྱི་དམིགས་ཡུལ་ནི་སྔར་ལས་ལྷག་པའི་སྒོ་ནས་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་གཙོ་བོ་དག་གི་མཐོ་རིམ་གྲོས་མོལ་སྟེགས་བུ་དང་ཕན་ནུས་ལྡན་པའི་མཐུན་སྦྱོར་རྐྱེན་སྲོལ་འཐུས་ཚང་དུ་གཏོང་བ་དང་། སྒོ་འབྱེད་དང་བཟོད་སྒོམ། མཉམ་ལས། མཉམ་རྒྱལ་བཅས་ཀྱི་གསེར་གྱོམ་སྙིང་སྟོབས་རྒྱུན་འཛིན་དང་དར་སྤེལ་བྱས་ཏེ། གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་མཛའ་མཐུན་བརྗེ་རེས་དང་དངོས་གཉེར་མཉམ་ལས་རྒྱ་བསྐྱེད་པའི་ཆེད་དུ་རེད།

མཐོ་རིམ་གླེང་སྟེགས་སྐབས་སུ་ད་རུང་གསེར་གྱོམ་རྒྱལ་ཁབ་ཀྱི་སྨྱན་བྱད་དག་གི་མཉམ་འབྲེལ་གྱི་པར་རིས་འགྲེམ་སྟོན་སྤེལ་རྒྱུ་ཡིན་པ་དང་། རྒྱལ་ཁབ་ལྔའི་སྨྱན་བྱད་ཀྱིས་མཉམ་དུ་འདོན་སྤྲོད་བྱས་པའི་འདྲ་པར་དེ་དག་གིས་གསེར་གྱོམ་རྒྱལ་ཁབ་དག་གི་མཉམ་ལས་ཀྱི་འཕེལ་རྒྱས་བརྒྱུད་རིམ་དང་གཡུར་དུ་ཟ་བའི་གྲུབ་འབྲས་མངོན་པར་མཚོན་ཡོད་པ་རེད།

ཐེངས་འདིའི་མཐོ་རིམ་གླེང་སྟེགས་དེ་ཀྲུང་གོའི་ཞིན་ཧྭ་འཕྲིན་གཏོང་ཁང་དང་ཨ་ཧྥེ་རི་ཁ་ལྷོ་མའི་སྒེར་ཚུགས་སྨྱན་བྱད་སྡེ་ཚོགས་ཀྱིས་མཉམ་དུ་གཙོ་སྒྲུབ་བྱས་པ་དང་། པཱ་ཞི་དང་ཨུ་རུ་སི། རྒྱ་གར་བཅས་ཀྱི་སྨྱན་བྱད་གཙོ་བོར་མཉམ་འབྲེལ་བྱས་ཏེ་སྤེལ་བ་རེད།

རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་གླེང་སྟེགས་ལ་སྨྱན་བྱད་ཀྱི་འཐུས་མི་དང་ཨ་ཧྥེ་རི་ཁ་ལྷོ་མའི་ས་གནས་རང་གི་གསར་འགྱུར་སྨྱན་བྱད་སློབ་གླིང་གི་འཐུས་མི་བརྒྱ་ཕྲག་ལྷག་ཞུགས་ཡོད་པ་དང་། ཨ་ཧྥེ་རི་ཁ་ལྷོ་མ་ལས་གཞན་ནཱ་སྨི་པུ་ཡཱ་དང་། ཙམ་པུ་ཡཱ། ཁུན་ནེ་ཡཱ། ཝུ་ཀན་ཏཱ། ཀཱ་ནཱ་སོགས་ཨ་ཧྥེ་རི་ཁ་གླིང་གི་རྒྱལ་ཁབ་ཀྱིས་ཀྱང་སྨྱན་བྱད་ཀྱི་འཐུས་མི་ཐེངས་འདིའི་གླེང་སྟེགས་སུ་ཞུགས་པར་མངག་ཡོད་པ་རེད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།