ཀྲུང་གོ་བོད་ཀྱི་དྲ་བ།

ཨ་ཧྥུའུ་ཧན་གྱི་རྒྱལ་ས་ནས་རང་སྲོག་གཅོད་པའི་འཇབ་རྒོལ་དོན་རྐྱེན་བྱུང་སྟེ་མི་ཉེར་གསུམ་ལ་ཤི་རྨས་ཐེབས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-07-16
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨ་ཧྥུའུ་ཧན་གྱི་ཉེན་རྟོག་ཕྱོགས་ཀྱིས་ཚེས་བཅོ་ལྔ་ཉིན་བཤད་རྒྱུར། རྒྱལ་ས་ཁཱ་པོར་ནས་ཉིན་དེར་རང་སྲོག་གཅོད་པའི་འགས་གཏོར་འཇབ་རྒོལ་དོན་རྐྱེན་ཞིག་བྱུང་སྟེ། ཉུང་མཐར་ཡང་འཇབ་རྒོལ་མཁན་གཅིག་དང་བཅས་པའི་མི་བརྒྱད་རྐྱེན་ལམ་དུ་ཤོར་བ་དང་། གཞན་ཡང་མི་བཅོ་ལྔར་རྨས་ཕོག་ཡོད་ཟེར།

ཁཱ་པོར་ཉེན་རྟོག་ཕྱོགས་ཀྱི་མགྲིན་ཚབ་པ་སི་ཐཱ་ནེ་ཁི་ཀྲ་དབྱེ་ཡིས་གསར་འགོད་པར་བདེན་དཔང་བྱས་དོན། འཇབ་རྒོལ་དོན་རྐྱེན་དེ་ཉིན་དེའི་ཕྱི་དྲོའི་དུས་ཚོད་བཞི་དང་སྐར་མ་སུམ་ཅུའི་ཡས་མས་སུ་རྒྱལ་སའི་ཉེན་རྟོག་ས་ཁུལ་དྲུག་པ་ནས་བྱུང་བ་རེད་ཟེར། རྟོག་ཞིབ་རགས་ཙམ་བྱས་པ་ལྟར་ན། འཇབ་རྒོལ་མཁན་ཞིག་གིས་ཨ་ཧྥུའུ་ཧན་ཞིང་སྡེ་བསྐྱར་དར་དང་འཕེལ་རྒྱས་པུའུ་ཡི་གཞུང་སྒྲུབ་ཁང་གི་ཕྱི་རོལ་ནས་རང་ལུས་ཀྱི་འགད་རྫས་འགས་གཏོར་བཏང་སྟེ། མི་སྣར་ཤི་རྨས་བཟོས་པ་རེད་ཟེར།

སི་ཐཱ་ནེ་ཁི་ཀྲ་དབྱེ་ཡིས་བཤད་རྒྱུར། རྨས་མ་དག་བསྟུད་མར་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད། དེའི་ནང་རྨས་མ་རེ་འགའི་རྨས་སྐྱོན་ཚབས་ཆེན་ཡིན་ལ། མིག་སྔར་ད་རུང་ཚེ་སྲོག་གི་ཉེན་ཁ་ལས་ཐར་མེད་ཟེར།

གཞན་ཡང་གསར་འགོད་པས་དོན་རྐྱེན་བྱུང་སའི་ཡུལ་དངོས་ནས་རྒྱུས་ལོན་བྱུང་བ་ལྟར་ན། ཐེངས་འདིའི་འགས་གཏོར་འཇབ་རྒོལ་དེ་ཏག་ཏག་ལས་ཚོགས་གྲོལ་བའི་སྐབས་སུ་འཁེལ་ཡོད་པས། ཤི་རྨས་ཐེབས་པའི་མི་མང་ཆེ་བ་ནི་གཞུང་སྒྲུབ་ཁང་ནས་རང་ཁྱིམ་དུ་འགྲོ་བའི་ལས་བྱེད་མི་སྣ་རེད་ཟེར། 
མིག་སྔར་རྩ་འཛུགས་དང་མི་སྒེར་གང་རུང་གིས་ཐེངས་འདིའི་འཇབ་རྒོལ་དོན་རྐྱེན་བཟོས་པ་ཁྱབ་སྒྲོག་བྱས་མེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།