ཀྲུང་གོ་བོད་ཀྱི་དྲ་བ།

ཕུའུ་ཅིན་དང་ཐི་ལིང་ཕུའུ་གཉིས་ཀྱིས་ཟླ་བདུན་པའི་ཟླ་དཀྱིལ་དུ་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱེད་རྒྱུ་རེད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-29
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཚེས་ཉེར་བརྒྱད་ཉིན་བསྒྲགས་པ་ལྟར་ན། ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་དང་ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་གཉིས་ཀྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཧྥུན་ལན་གྱི་རྒྱལ་ས་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

ཨུ་རུ་སིའི་ཙུང་ཐུང་གསར་འགྱུར་ཅུའུ་ཡིས་ཉིན་དེར་གསར་འགྱུར་སྤྱི་སྒྲོག་སྤེལ་ཏེ། ཨུ་རུ་སི་དང་ཨ་མེ་རི་ཁའི་མགོ་ཁྲིད་པས་རྒྱལ་ཁབ་གཉིས་ཀྱི་འབྲེལ་བའི་ད་ལྟའི་གནས་བབ་དང་། འཕེལ་རྒྱས་མདུན་ལྗོངས། རྒྱལ་སྤྱིའི་གནད་དོན་གལ་ཆེན་བཅས་ཀྱི་ཐད་ནས་གྲོས་མོལ་བྱེད་རྒྱུ་རེད་ཟེར།

གཞན་ཡང་ཨུ་རུ་སིའི་ཙུང་ཐུང་ལས་རོགས་པ་ཝུའུ་ཧྲ་ཁི་ཧྥུའུ་ཡིས་མཚམས་སྦྱོར་བྱས་དོན། ཕྱོགས་གཉིས་ཀྱིས་གྲོས་མོལ་བྱ་ཡུལ་གདམ་གསེས་བྱེད་སྐབས་རྒྱལ་ཁབ་གཉིས་ཀྱི་མགོ་ཁྲིད་པའི་ཉིན་རིམ་བཀོད་སྒྲིག་ལ་བསམ་བློ་གང་ལེགས་བཏང་ཡོད། གྲོས་མོལ་མཇུག་སྒྲིལ་རྗེས་ཨུ་རུ་སི་དང་ཨ་མེ་རི་ཁའི་ཙུང་ཐུང་གཉིས་མཉམ་དུ་གསར་འགོད་པའི་སྣེ་ལེན་ཚོགས་འདུར་ཞུགས་རྒྱུ་མ་ཟད། མཉམ་འབྲེལ་གསལ་སྒྲོག་སྤེལ་ངེས་རེད་ཟེར།

ཨ་མེ་རི་ཁའི་ཕོ་བྲང་དཀར་པོས་ཉིན་དེར་གནས་ཚུལ་དེ་བདེན་དཔང་བྱས། ཕོ་བྲང་དཀར་པོའི་གསལ་སྒྲོག་ཐུང་ངུའི་ནང་བཤད་རྒྱུར། ཐི་ལིང་ཕུའུ་དང་ཕུའུ་ཅིན་གྱིས་ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཧི་ཨར་ཞིན་ཅི་ནས་གྲོས་མོལ་བྱེད་རྒྱུ་ཡིན་པ་དང་། ཕྱོགས་གཉིས་ཀྱིས་ཨ་མེ་རི་ཁ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱི་འབྲེལ་བ་དང་རྒྱལ་ཁབ་ཀྱི་བདེ་འཇགས་གྲོས་གཞི་རབ་དང་རིམ་པར་གྲོས་བསྡུར་བྱེད་རྒྱུ་རེད་ཟེར།

ཉིན་དེར་ཧྥུན་ལན་གྱི་ཙུང་ཐུང་ནེ་ནེ་སི་ཐའོ་ཡིས་གསལ་སྒྲོག་སྤེལ་ཏེ། ཟླ་བདུན་པའི་ཚེས་བཅུ་དྲུག་ཉིན་ཧི་ཨར་ཞིན་ཅི་ནས་སྤེལ་རྒྱུ་ཡིན་པའི་ཨ་མེ་རི་ཁ་དང་ཨུ་རུ་སིའི་མགོ་གཙོའི་གྲོས་མོལ་དེ་འཛམ་གླིང་གི་ཞི་བདེ་ལ་ཡར་སྐུལ་གཏོང་བར་ཕན་ཐོགས་འབྱུང་བའི་རེ་བ་ཡོད་ཟེར། ཁོས་བཤད་རྒྱུར། གྲོས་མོལ་གྱི་བྱེ་བྲག་གི་ཉིན་རིམ་ལ་གྲོས་བསྡུར་བྱེད་དགོས་ཀྱང་། ཕྱོགས་གཉིས་ཀྱིས་རྒྱལ་སྤྱིའི་གནས་བབ་ལ་གྲོས་བསྡུར་བྱེད་རྒྱུ་མ་ཟད། དམག་མི་ཉུང་འཕྲིའི་གནད་དོན་ལའང་གྲོས་བསྡུར་བྱེད་སྲིད་ཟེར།

ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་གྱིས་ཚེས་ཉེར་བདུན་ཉིན་མའོ་སི་ཁི་ནས་ཨ་མེ་རི་ཁའི་ཙུང་ཐུང་གི་རྒྱལ་ཁབ་བདེ་འཇགས་ལས་དོན་གྱི་ལས་རོགས་པ་པའོ་ཨར་ཏོན་ལ་ཐུག་འཕྲད་བྱས་པ་དང་། ཕྱོགས་གཉིས་ཀྱིས་ཕུའུ་ཅིན་དང་ཐི་ལིང་ཕུའུ་ཡིས་གྲོས་མོལ་བྱེད་པའི་གནད་དོན་ལ་གྲོས་མཐུན་བཀོད་པ་རེད། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།