ནེའུ་ཙེ་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱིས་རང་དབང་ཉོ་ཚོང་གྲོས་མོལ་བྱེད་འགོ་བརྩམས།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ནེའུ་ཙེ་ལན་གྱི་ཉོ་ཚོང་དང་ཕྱིར་གཏོང་འཕར་སྣོན་པུའུ་ཡི་པུའུ་ཀྲང་ཕཱ་ཁི་ཡིས་ཚེས་ཉེར་གཅིག་ཉིན་བདེན་དཔང་བྱས་དོན། ཁོ་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ཉོ་ཚོང་ཨུ་ཡོན་མཱ་ཨར་མུའུ་སི་ཐི་ལོན་གྱིས་ཉིན་དེར་ཕྱོགས་གཉིས་ཀྱི་རང་དབང་ཉོ་ཚོང་གྲོས་ཆོད་ཐད་ནས་གྲོས་མོལ་བྱས་ཟེར།

ཕཱ་ཁི་ཡིས་གསལ་སྒྲོག་ཅིག་གི་ནང་བཤད་རྒྱུར། གྲོས་མོལ་དེ་འགོ་བརྩམས་པར་ནེའུ་ཙེ་ལན་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་དཔལ་འབྱོར་ཉོ་ཚོང་འབྲེལ་བའི་ཁྲོད་ལམ་ཚད་རྡོ་རིང་ལྟ་བུའི་དོན་སྙིང་ལྡན་པ་དང་། ཕྱོགས་ཡོངས་ལ་ཁྱབ་པ་དང་སྤུས་ཚད་མཐོ་བའི་རང་དབང་ཉོ་ཚོང་གྲོས་ཆོད་ཅིག་གིས་ནེའུ་ཙེ་ལན་དང་ཡོ་རོབ་གླིང་མནའ་འབྲེལ་ཕྱོགས་གཉིས་ལ་ཕན་ཐོགས་འབྱུང་སྲིད་པར་ཡིད་ཆེས་ཡོད་ལ། སྐོར་ཐེངས་དང་པོའི་གྲོས་མོལ་དེ་ཟླ་རྗེས་མར་པུ་ལི་ཧྲིའི་རྒྱལ་ས་པུའུ་ལུའུ་སེར་ནས་སྤེལ་རྒྱུ་ཡིན་ཟེར།

ཕཱ་ཁི་ཡིས་བཤད་རྒྱུར། ཡོ་རོབ་གླིང་མནའ་འབྲེལ་ནི་ནེའུ་ཙེ་ལན་གྱི་ཆེས་ཆེ་བའི་དཔལ་འབྱོར་ཉོ་ཚོང་གྲོགས་པོ་ཡིན་པ་དང་། ཕྱོགས་གཉིས་ཀྱི་ལོ་རྒྱུས་ཀྱི་ཁུངས་གཅིག་པར་མ་ཟད། རིག་གནས་དང་རིན་ཐང་ལྟ་ཚུལ་ཅུང་འདྲ་མཚུངས་ཡིན་ཡང་། མིག་སྔར་ཉོ་ཚོང་ཐད་ནས་ཕན་ཚུན་མཐོང་ཆུང་བྱེད་པའི་སྣང་ཚུལ་ལྡན། ད་ལྟའི་གནས་ཚུལ་མི་ལེགས་པ་དེ་ཅང་མ་འགོར་བར་ལེགས་བཅོས་ཐོབ་ངེས་ཡིན་ཟེར།

ནེའུ་ཙེ་ལན་ནི་ཞི་བདེ་རྒྱ་མཚོ་ཆེན་མོ་ལྷོ་མར་གནས་པ་དང་། འཛམ་གླིང་ཡོངས་ཀྱི་འོ་མའི་ཐོན་རྫས་ཕྱིར་གཏོང་གི་ཚད་ཆེས་ཆེ་བའི་རྒྱལ་ཁབ་ཅིག་ཡིན། ནམ་རྒྱུན་ཉོ་ཚོང་ལ་བརྟེན་ནས་རྒྱལ་ཁབ་སྐྱོང་བཞིན་ཡོད་ལ། རྒྱལ་ཁབ་དང་ས་ཁུལ་གཞན་པའི་བར་གྱི་ཉོ་ཚོང་རྒྱ་བསྐྱེད་པར་བརྩོན་ལེན་བྱེད་བཞིན་ཡོད།

རྩོམ་སྒྲིག་པ། ཚེ་མཁར་རྒྱལ།

དཔྱད་མཆན 0 ཡོད།