མའོ་ཁི་ཨར་གྱིས་འཇར་མན་དང་ཧྥ་རན་སིས་ཕན་ཚུན་མཐུན་སྦྱོར་བྱས་ཏེ་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ལ་ཡར་སྐུལ་གཏོང་དགོས་པའི་འབོད་སྐུལ་བཏང་།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། འཇར་མན་གྱི་ཙུང་ལི་མའོ་ཁི་ཨར་གྱིས་ཚེས་བདུན་ཉིན་བཤད་རྒྱུར། འཇར་མན་དང་ཧྥ་རན་སིའི་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་གནད་དོན་ཐད་འགལ་བ་ཡོད་ཀྱང་། ཁོ་མོས་རྒྱལ་ཁབ་གཉིས་ཀྱིས་ཕན་ཚུན་མཐུན་སྦྱོར་བྱས་ཏེ། ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ཐད་བྱེད་ཐབས་འདོན་དགོས་པའི་འབོད་སྐུལ་བཏང་།

མའོ་ཁི་ཨར་གྱིས་ཉིན་དེར་པའོ་ལིན་ནས་སྤེལ་བའི་སྐབས་ཉེར་གཅིག་པའི་ཏི་དབྱེ་ཀྲི་རྒྱང་སྒྲོག་ཀུང་ཟིའི་ཡོ་རོབ་གླིང་གླེང་སྟེགས་སྟེང་བཤད་རྒྱུར། ཁོ་མོ་ཧྥ་རན་སི་ཡིས་བཏོན་པའི་རྣམ་པ་ཆེན་པོའི་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དངུལ་གཏོང་སྔོན་རྩིས་འཛུགས་པའི་བཅོས་བསྒྱུར་གྲོས་གཞིར་ཡིད་འཐད་མིན་པ་དང་། རིམ་བཞིན་དུ་ཚད་ཡོད་པའི་དངུལ་གཏོང་སྔོན་རྩིས་ཤིག་འཛུགས་པར་རེ་བ་བྱས་ཡོད་ཟེར། ཡིན་ཡང་ཁོ་མོས་འཇར་མན་དང་ཧྥ་རན་སི་ཡིས་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་ཐད་ཀྱི་འགལ་བ་ཐག་གཅོད་བྱེད་པར་གྲོས་འཆམ་འབྱུང་བར་ཡིད་ཆེས་ཡོད་ཟེར།

མའོ་ཁི་ཨར་གྱིས་ཡོ་རོབ་གླིང་དངུལ་ལོར་ཐེབས་རྩ་ཚོགས་པ་འཛུགས་པའི་དམིགས་འབེན་བསྐྱར་སྒྲོག་བྱས། ཁོ་མོས་བལྟས་ན་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་དེ་ད་རུང་ཐུན་མོང་གི་ཕྱི་འབྲེལ་སྲིད་ཇུས་དང་། ཡུལ་གྱར་བ་དང་གནས་སྤོར་སྡོད་དམངས་ཀྱི་སྲིད་ཇུས། ཡོ་རོབ་གླིང་གི་མ་འོངས་པའི་འཕེལ་རྒྱས་སོགས་ཀྱི་ཐད་ལ་འབྲེལ་ཡོད་པར་འདོད། ད་ལྟ་ཡོ་རོབ་གླིང་མནའ་འབྲེལ་གྱི་ཡུལ་གྱར་བའི་སྲིད་ཇུས་ཐད་འགལ་བ་ཡོད་པ་དང་། རྒྱལ་ཁབ་སོ་སོས་ཡུལ་གྱར་བ་དང་ལེན་བྱེད་པའི་བགོ་བཤའི་ཁ་གྲངས་ཐད་གྲོས་མཐུན་འགོད་པར་དཀའ་ཁག་བྱུང་ཡོད་ཟེར།

ཧྥ་རན་སི་དང་འཇར་མན་རྒྱལ་ཁབ་གཉིས་བར་ཡོ་རོབ་གླིང་མནའ་འབྲེལ་གྱི་བཅོས་བསྒྱུར་གནད་དོན་ཐད་ཀྱི་འགལ་བ་གཙོ་བོ་ནི། ཧྥ་རན་སི་ཡིས་ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་ཐུན་མོང་སྔོན་རྩིས་དང་ཡོ་རོབ་གླིང་མནའ་འབྲེལ་གྱི་ནོར་སྲིད་པུའུ་ཀྲང་འཛུགས་པ་དང་། ཡོ་སྒོར་བཀོལ་བའི་ས་ཁུལ་གྱི་དངུལ་གཏོང་སྔོན་རྩིས་ཆེ་གྲས་བཙུགས་ནས་ནང་ཁུལ་གྱི་དཔལ་འབྱོར་འཕེལ་རྒྱས་དོ་མི་མཉམ་པའི་གནད་དོན་ཐག་གཅོད་བྱེད་འདོད་ཀྱང་། འཇར་མན་གྱིས་བྱེད་ཐབས་དེ་དག་ལས་རང་ཉིད་ཀྱི་ནོར་སྲིད་ཁུར་བོ་ཇེ་ལྗིད་དུ་འགྲོ་སྲིད་པར་སེམས་ཁུར་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། རྡོ་རྗེ་བསམ་འགྲུབ།

དཔྱད་མཆན 0 ཡོད།