ཀྲུང་གོ་བོད་ཀྱི་དྲ་བ།

རྒྱ་གར་བྱང་ཤར་ས་ཁུལ་དུ་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ་ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-06
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། རྒྱ་གར་བྱང་ཤར་ཕྱོགས་ཀྱི་མུས་ཙོ་ལཱ་མུའུ་པང་ནས་ཚེས་བཞི་ཉིན་གྱི་དགོང་མོར་རི་ཉིལ་བའི་དོན་རྐྱེན་བྱུང་སྟེ། ཉུང་མཐར་ཡང་མི་བཅུ་རྐྱེན་ལམ་དུ་ཤོར་བ་དང་། མི་གཅིག་ལ་རྨས་ཕོག

ཐེངས་འདིར་དྲག་ཆར་བབས་པ་ལས་བྱུང་བའི་རི་ཉིལ་བའི་དོན་རྐྱེན་དེ་མུས་ཙོ་ལཱ་མུའུ་པང་ལྷོ་ངོས་ཀྱི་ལུང་ཀི་ལེ་དབྱེ་ས་ཁུལ་ནས་བྱུང་བ་རེད། ས་དེའི་ཉེན་རྟོག་དཔོན་པོ་ཞིག་གིས་བཤད་རྒྱུར། ཚེས་བཞི་ཉིན་གྱི་དགོང་མོར་དྲག་ཆར་རྒྱུན་ཆད་མེད་པར་བབས་པ་དང་། རི་ཉིལ་བའི་དོན་རྐྱེན་ལས་བརྩེགས་རིམ་གཉིས་ཅན་གྱི་སྡོད་ཁང་ཞིག་འདམ་གསེག་འོག་ཏུ་མནན། ཁང་བའི་ནང་དུ་ཁྱིམ་ཚང་གཉིས་བསྡད་ཡོད་ཟེར།

དོན་རྐྱེན་བྱུང་རྗེས། གནོད་འཚེ་དོ་དམ་སྡེ་ཁག་གི་མི་སྣ་དང་དང་བླངས་མཁན་ཡུལ་དངོས་སུ་འབྱོར་ནས་རྒུད་སྐྱོབ་བྱ་བ་སྤེལ། རྒུད་སྐྱོབ་མི་སྣས་ཡུལ་དངོས་ནས་མི་བཞི་བསྐྱབས་པ་དང་། དེའི་ནང་རྨས་མ་གཅིག་སྨན་ཁང་དུ་བསྐྱལ་ནས་གསོ་བཅོས་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།