ཀྲུང་གོ་བོད་ཀྱི་དྲ་བ།

ཧཱ་མཱེ་ནེ་དབྱེ་ཡིས་མྱུར་དུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་ཞིབ་འཇུག་ནུས་པ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-05
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  དབྱི་ལིང་རྒྱལ་ཁབ་བརྙན་འཕྲིན་ཁང་གིས་ཚེས་བཞིའི་ཉིན་བསྒྲགས་པ་ལྟར་ན། དབྱི་ལིང་གི་ཆེས་མཐོའི་གཙོ་འཛིན་ཧཱ་མཱེ་ནེ་དབྱེ་ཡིས་ཚེས་བཞིའི་ཉིན་བཀའ་རྒྱ་ཁྱབ་སྒྲོག་བྱས་ཏེ། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་མྱུར་དུ་ཉིང་རྡུལ་ནུས་པའི་ཞིབ་འཇུག་ནུས་པ་ཇེ་མཐོར་གཏོང་དགོས་པའི་རེ་བ་བཏོན།

ཧཱ་མཱེ་ནེ་དབྱེ་ཡིས་ཉིན་དེར་བྱ་འགུལ་ཞིག་གི་སྟེང་བཀའ་རྒྱ་ཁྱབ་སྒྲོག་བྱས་ཏེ། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་མུ་མཐུད་དུ་ཉིང་རྡུལ་ནུས་པའི་ཞིབ་འཇུག་ནུས་པ་སླར་གསོ་བྱེད་དགོས་པའི་རེ་བ་བཏོན།

ཉིས་སྟོང་བཅོ་ལྔ་ལོའི་ཟླ་བདུན་པར། དབྱི་ལིང་གིས་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གནད་དོན་གྱི་འབྲེལ་ཡོད་རྒྱལ་ཁབ་དྲུག་བར་གྲོས་མཐུན་བཀོད། གྲོས་མཐུན་ལྟར་དུ། དབྱི་ལིང་གིས་རང་གི་ཉིང་རྡུལ་ནུས་པའི་འཆར་གཞིར་ཚོད་འཛིན་བྱེད་རྒྱུ་ཁས་ལེན་བྱས་པ་དང་། ཞོར་དུ་ཞི་བའི་སྒོ་ནས་ཉིང་རྡུལ་ནུས་པ་བེད་སྤྱོད་བྱེད་པའི་ཁེ་དབང་ལོངས་སུ་སྤྱད་ཆོག་ལ། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དབྱི་ལིང་ལ་ལག་བསྟར་བྱས་པའི་བཀག་སྡོམ་བྱེད་ཐབས་མེད་པར་གཏོང་དགོས་པ་རེད།

ཨ་མེ་རི་ཁའི་ཙུང་ཐུང་ཐི་ལིང་ཕུའུ་ཡིས་ཟླ་ལྔ་བའི་ཚེས་བརྒྱད་ཉིན་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་ཕྱིར་འབུད་རྒྱུ་ཁྱབ་སྒྲོག་བྱས་པར་མ་ཟད། དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ལས་མེད་པར་བཏང་བའི་དབྱི་ལིང་གི་བཀག་སྡོམ་བྱེད་ཐབས་སླར་གསོ་བྱེད་རྒྱུའི་ཚུལ་བསྟན། དབྱི་ལིང་ཕྱོགས་ཀྱིས་བསྟན་དོན། གནས་སྐབས་སུ་དབྱི་ལིང་གི་ཉིང་རྡུལ་ནུས་པའི་གྲོས་མཐུན་ནང་བསྡད་དེ་གྲོས་མཐུན་དེར་འབྲེལ་བའི་ཕྱོགས་ཁག་གཞན་པའི་བར་གྲོས་མོལ་བྱེད་རྒྱུ་ཡིན། གལ་ཏེ་གྲོས་མཐུན་ལས་གཏན་འཁེལ་བྱས་པའི་དབྱི་ལིང་གི་ཁེ་ཕན་ལ་སྲུང་སྐྱོབ་མ་ཐུབ་ན། དབྱི་ལིང་གི་རྡུལ་ཕྲན་ནུས་པའི་རྩ་འཛུགས་ཀྱིས་ཉིང་རྡུལ་ནུས་པའི་ཞིབ་འཇུག་སླར་གསོ་བྱེད་རྒྱུ་ཡིན་ཟེར།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།