ཀྲུང་གོ་བོད་ཀྱི་དྲ་བ།

ཐུ་ནི་ཞི་ཡཱའི་ཤར་ཕྱོགས་མཚོ་ཁོངས་སུ་ལྐོག་འབྲོས་གྲུ་གཟིངས་ཤིག་ནུབ་ནས་མི་བཅུ་གཅིག་རྐྱེན་ལམ་དུ་ཤོར།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-06-04
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་ཚེས་གསུམ་ཉིན་བདེན་དཔང་བྱས་དོན། ལྐོག་འབྲོས་གྲུ་གཟིངས་ཤིག་ཉིན་དེའི་ཞོགས་པར་ཤར་ཕྱོགས་ཀྱི་ཀའེ་ཨར་ཀན་ནེ་གླིང་ཕྲན་ཉེ་འདབས་ཀྱི་མཚོ་ཁོངས་ནས་ནུབ་སྟེ། མི་བཅུ་གཅིག་རྐྱེན་ལམ་དུ་ཤོར་ཟེར།

ཐུ་ནི་ཞི་ཡཱའི་ནང་སྲིད་པུའུ་ཡིས་དཔོན་ཕྱོགས་ཀྱི་གསལ་སྒྲོག་ཅིག་ལས་བཤད་རྒྱུར། རྒུད་སྐྱོབ་མི་སྣས་འདས་པོའི་བེམ་པོ་བཅུ་གཅིག་རྙེད་ཡོད་པ་དང་། མི་རེ་བདུན་སྲོག་ཉེན་ལས་བསྐྱབས་ཡོད། མིག་སྔར་རྒུད་སྐྱོབ་འགུལ་སྐྱོད་སྔར་བཞིན་མུ་མཐུད་དུ་སྤེལ་བཞིན་ཡོད་ཟེར།

གཞན་ཡང་བསྒྲགས་པའི་གནས་ཚུལ་ལྟར་ན། བསྡོམས་པས་གྲུ་གཟིངས་དེའི་སྟེང་མི་དོན་ལྔ་སྲོག་ཉེན་ལས་བསྐྱབས་ཏེ་ཉེ་འདབས་ཀྱི་སྨན་ཁང་དུ་བསྐྱལ་ཡོད་པ་དང་། མིག་སྔར་གནས་ཚུལ་ཅུང་གཏན་འཇགས་རེད་ཟེར། ས་དེའི་གསར་འགྱུར་ལས་རིགས་ཀྱིས་བཤད་རྒྱུར། ནམ་ཟླའི་གནས་ཚུལ་མི་ལེགས་པ་ནི་གྲུ་གཟིངས་ནུབ་པའི་རྒྱུ་རྐྱེན་གཙོ་བོ་རེད་ཟེར།

ཐུ་ནི་ཞི་ཡཱ་ནི་ཨ་ཧྥེ་རི་ཁ་གླིང་སྐམ་སའི་བྱང་སྣེ་རུ་གནས་པ་དང་། དབྱི་ཐཱ་ལེ་སོགས་ཡོ་རོབ་གླིང་རྒྱལ་ཁབ་བར་རྒྱ་མཚོའི་ཆོད་ཡོད། ཉེ་བའི་ལོ་འགའི་རིང་ལ། དཔལ་འབྱོར་འཕེལ་རྒྱས་ཀྱི་ནུས་པ་ཉམས་པའི་དབང་གིས་ལྐོག་འབྲོས་སྣང་ཚུལ་ཚབས་ཆེན་དུ་འགྱུར་བཞིན་ཡོད་པ་རེད།

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།