ཀྲུང་གོ་བོད་ཀྱི་དྲ་བ།

ཐུར་ཁེ་དང་ཨུ་རུ་སིའི་ཙུང་ཐུང་གིས་ཁ་པར་གྲོས་མོལ་བྱས་ཏེ་སི་རི་ཡཱའི་གནད་དོན་དང་དཔལ་འབྱོར་ཉོ་ཚོང་མཉམ་ལས་ལ་གྲོས་བསྡུར་བྱས།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-30
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། ཐུར་ཁེའི་ཙུང་ཐུང་ཨེ་ཨར་ཏའོ་ཨན་གྱིས་ཟླ5བའི་ཚེས29ཡི་ཉིན་ཨུ་རུ་སིའི་ཙུང་ཐུང་ཕུའུ་ཅིན་ལ་ཁ་པར་བཏང་། ཕྱོགས་གཉིས་ཀྱིས་སི་རི་ཡཱའི་གནད་དོན་གྱི་གནས་ཚུལ་གསར་བ་དང་ཕྱོགས་གཉིས་ཀྱི་དཔལ་འབྱོར་ཉོ་ཚོང་དང་ནུས་ཁུངས་མཉམ་ལས་ལ་གྲོས་བསྡུར་བྱས།

ཐུར་ཁེའི་ཙུང་ཐུང་བཞུགས་ཤག་གིས་བསྒྲགས་པ་ལྟར་ན། རྒྱལ་ཁབ་གཉིས་ཀྱི་ཙུང་ཐུང་གིས་ཁ་པར་ལས་བསྟན་དོན། ཨ་སི་ཐཱ་ནཱའི་ཞི་བའི་གྲོས་མོལ་གྱིས་ཆབ་སྲིད་ལ་བརྟེན་ནས་སི་རི་ཡཱའི་གནད་དོན་ཐག་གཅོད་བྱེད་པའི་ཐད་ནས་བླངས་པའི་གྲུབ་འབྲས་གལ་འགངས་ཧ་ཅང་ཆེ་བའི་ཚུལ་བསྟན་པ་དང་། ཞོར་དུ་སི་རི་ཡཱའི་སྲིད་གཞུང་དང་སི་རི་ཡཱའི་ངོ་རྒོལ་ཕྱོགས་ཁག་ཚང་མ་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲོམ་གཞིའི་ནང་འཛུགས་སྐྲུན་རང་བཞིན་ལྡན་པའི་སྒོ་ནས་ཆབ་སྲིད་འཕེལ་རིམ་དེའི་ཁྲོད་ཞུགས་དགོས་པ་ནན་བཤད་བྱས།

ཐུར་ཁེ་དང་ཨུ་རུ་སི་ཕྱོགས་གཉིས་ཀྱིས་གཅིག་གྱུར་སྒོས་བལྟས་ན། འབྲེལ་ཡོད་ཕྱོགས་སོ་སོས་ངེས་པར་དུ་སི་རི་ཡཱའི་མངའ་ཁོངས་ཆ་ཚང་ཡོང་བ་རྒྱུན་འཁྱོངས་བྱས་ཏེ། སི་རི་ཡཱ་དེ་དབྱི་སི་རལ་དང་དབྱི་ལིང་གི་འཁྲུག་རྩོད་ས་ཁུལ་དུ་འགྱུར་བར་སྔོན་འགོག་བྱེད་དགོས་པར་འདོད།

ཨེ་ཨར་ཏའོ་ཨན་གྱིས་བཤད་རྒྱུར། ཐུར་ཁེ་ཡིས་སི་རི་ཡཱའི་ཁུའུ་ཨར་ཏི་དྲག་ཆས་པ་མི་དམངས་སྲུང་སྐྱོབ་དམག་དཔུང་དང་དེ་མིན་འཇིགས་སྐུལ་རྩ་འཛུགས་གཞན་པ་དག་སི་རི་ཡཱའི་ཆབ་སྲིད་གྲོས་མོལ་འཕེལ་རིམ་ནང་ཞུགས་པར་ངོ་རྒོལ་བྱེད་བཞིན་ཡོད་ཟེར།

ཐུར་ཁེ་དང་ཨུ་རུ་སིའི་ཙུང་ཐུང་གིས་ད་རུང་ཕྱོགས་གཉིས་ཀྱི་ནུས་ཁུངས་མཉམ་ལས་ལ་གྲོས་བསྡུར་བྱས། མིག་སྔར་ཕྱོགས་གཉིས་ཀྱིས་ཁྱབ་ཁོངས་དེར་མཉམ་ལས་ཟབ་མོ་བྱེད་བཞིན་ཡོད། ཨ་ཁུའུ་ཡུག་ཉིང་རྡུལ་ནུས་པའི་གློག་འདོན་ས་ཚིགས་ལས་གཞན། རྒྱལ་ཁབ་གཉིས་ཀྱིས་ད་རུང་མཉམ་ལས་བྱས་ཏེ་རང་བྱུང་སོལ་རླངས་སྦུག་ལམ་གྱི་ལས་གཞི་འཛུགས་སྐྲུན་བྱས་ནས། ཨུ་རུ་སིའི་རང་བྱུང་སོལ་རླངས་ཐུར་ཁེ་དང་ཡོ་རོབ་གླིང་དུ་ཕྱིར་གཏོང་བྱེད་པར་རོགས་རམ་བྱེད་བཞིན་ཡོད།  །

རྩོམ་སྒྲིག་པ། : མཁའ་མཚོ་སྐྱིད།