ཀྲུང་གོ་བོད་ཀྱི་དྲ་བ།

མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཅཱ་ཧྲའི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་མོལ་བྱས་ཏེ་རྟོག་ཞིབ་ཚན་ཆུང་མངག་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-19
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར། མཉམ་འབྲེལ་རྒྱལ་ཚོགས་ཀྱི་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱིས་ཚེས་བཅོ་བརྒྱད་ཉིན་རི་ནེ་ཝ་ནས་དམིགས་བསལ་གྲོས་ཚོགས་བསྡུས་ཏེ། ཅཱ་ཧྲའི་གནས་བབ་ཐད་ནས་བྲེལ་མྱུར་གྲོས་མོལ་བྱས་པར་མ་ཟད་གྲོས་ཆོད་བཀོད་དེ། གང་མགྱོགས་སྒོས་རྟོག་ཞིབ་ཚན་ཆུང་མངག་ནས་ཕཱ་ལེ་སི་ཐན་གྱི་བཙན་བཟུང་ཐེབས་པའི་ས་ཁོངས་དང་། ཁྱད་པར་དུ་ཅཱ་ཧྲ་ས་ཁུལ་ནས་བྱུང་བའི་མི་ཆོས་རིང་ལུགས་ཐད་ཀྱི་ཁྲིམས་འགལ་ནག་ཉེས་བྱ་སྤྱོད་ལ་རྟོག་དཔྱོད་ཞིབ་ཏུ་བྱེད་རྒྱུ་ཐག་བཅད།

གྲོས་ཆོད་འཆར་ཟིན་དེར་འདེམ་ཤོག་ཉེར་དགུ་ཡིད་འཐད་བྱུང་བ་དང་། འདེམ་ཤོག་གཉིས་ཀྱིས་ངོ་རྒོལ་བྱེད་པ། འདེམ་ཤོག་བཅུ་བཞིས་དབང་ཆ་བསྐྱུར་བའི་མཇུག་འབྲས་ཀྱིས་གྲོས་འཆམ་བྱུང་བ་རེད། ངོ་རྒོལ་འདེམ་ཤོག་འཕེན་པའི་མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་ཁོངས་གཏོགས་རྒྱལ་ཁབ་གཉིས་ནི་ཨོ་སི་ཁྲུ་ལི་ཡཱ་དང་ཨ་མེ་རི་ཁ་གཉིས་རེད།

མཉམ་འབྲེལ་རྒྱལ་ཚོགས་འགྲོ་མིའི་ཐོབ་ཐང་ལས་འཛིན་གྱི་མཐོ་རིམ་ཆེད་དོན་པ་ཀྲ་དབྱེ་ཏི་ཧི་སེ་ཡུན་གྱིས་དམིགས་བསལ་གྲོས་ཚོགས་སྟེང་བཤད་རྒྱུར། ཟླ་གསུམ་པའི་ཚེས་སུམ་ཅུའི་ཉིན་ཅཱ་ཧྲ་ས་ཁུལ་དུ་དབྱི་སི་རལ་གྱིས་བཙན་བཟུང་ལ་ངོ་རྒོལ་བྱེད་པའི་གཞི་རྒྱ་ཆེ་བའི་རྔམ་སྟོན་ཁྲོམ་སྐོར་བྱ་འགུལ་བྱུང་བའི་ཚུན་ལ། བྱིས་པ་བཅུ་གཉིས་དང་བཅས་པའི་ཕཱ་ལེ་སི་ཐན་གྱི་རྔམ་སྟོན་ཁྲོམ་སྐོར་མཁན་གྱ་བདུན་བསད་པ་དང་། གཞན་ཡང་ཕཱ་ལེ་སི་ཐན་གྱི་མི་ཉེར་དགུ་རྔམ་སྟོན་ཁྲོམ་སྐོར་མ་ཡིན་པའི་གནས་སུ་རྐྱེན་ལམ་དུ་ཤོར། དེའི་སྐབས་སུ་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་ཁྲི་གཅིག་དང་སྟོང་གཉིས་ལ་རྔམ་སྟོན་ཁྲོམ་སྐོར་ཁྲོད་རྨས་ཕོག དེའི་ནང་མི་སྟོང་གསུམ་དང་ལྔ་བརྒྱ་ལྷག་དབྱི་སི་རལ་དམག་དཔུང་གིས་གཏོང་འཕེན་བྱས་པའི་མདེལ་གྱིས་རྨས་པ་རེད་ཟེར།

ཁོས་ཉེན་བརྡའི་ཚུལ་དུ་བཤད་རྒྱུར། འདས་པའི་གཟའ་འཁོར་གཅིག་གི་ནང་། ཅཱ་ཧྲ་ས་ཁུལ་གྱི་མི་ཆོས་རིང་ལུགས་ཀྱི་གནས་བབ་ཇེ་སྡུག་ཏུ་སོང་བ་དང་། དེའི་ནང་ཟླ་ལྔ་བའི་ཚེས་བཅུ་བཞིའི་ཉིན་ཉུང་མཐར་ཡང་ཕཱ་ལེ་སི་ཐན་གྱི་མི་དྲུག་ཅུ་དབྱི་སི་རལ་དམག་དཔུང་གི་མེ་མདའི་འོག་རྐྱེན་ལམ་དུ་ཤོར་ཡོད་ཟེར། །

རྩོམ་སྒྲིག་པ། : ཀླུ་མོ་མཚོ།