ཀྲུང་གོ་བོད་ཀྱི་དྲ་བ།

ཕཱ་ལེ་སི་ཐན་གྱིས་ཡེ་ལུའུ་སཱ་ལེམ་ཤར་མའི་གྲོང་ཁྱེར་སྲིད་གཞུང་སླར་གསོ་བྱེད་རྒྱུ་ཐག་བཅད།

ཡོང་ཁུངས། : མཚོ་སྔོན་བོད་སྐད་རླུང་འཕྲིན།     སྤེལ་དུས། : 2018-05-09
ཡིག་གཟུགས། :ཆུང་། འབྲིང་། ཆེ།

ཞིན་ཧྭ་གསར་འགྱུར་ཁང་གི་གློག་འཕྲིན་ལྟར།  ཕཱ་ལེ་སི་ཐན་བཅིངས་འགྲོལ་རྩ་འཛུགས་ལག་བསྟར་ཨུ་ཡོན་ལྷན་ཁང་གི་ཁོངས་མི་མཱ་ཅི་ཏཱ་ལཱ་ནེ་ཡིས་ཚེས་བརྒྱད་ཉིན་བཤད་རྒྱུར། ཕཱ་ལེ་སི་ཐན་གྱི་མགོ་ཁྲིད་རིམ་པས་གཅིག་སྟོང་དགུ་བརྒྱ་རེ་བདུན་ལོར་དབྱི་སི་རལ་གྱིས་གཏོར་བའི་ཡེ་ལུའུ་སཱ་ལེམ་ཤར་མའི་གྲོང་ཁྱེར་སྲིད་གཞུང་སླར་གསོ་བྱས་ཏེ། ཨ་མེ་རི་ཁས་རང་གི་གཞུང་ཚབ་ཁང་ཐི་ལཱ་ཝེ་ཧྥུའུ་ནས་ཡེ་ལུའུ་སཱ་ལེམ་དུ་སྤོར་བར་རྒོལ་ལན་སྤྲོད་རྒྱུ་ཐག་བཅད་ཡོད་ཟེར།

མཱ་ཅི་ཏཱ་ལཱ་ནེ་ཡིས་ཉིན་དེར་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས་བཤད་རྒྱུར། བྱ་སྤྱོད་དེའི་དམིགས་ཡུལ་ནི་ཡེ་ལུའུ་སཱ་ལེམ་ཤར་མ་དེ་ཕཱ་ལེ་སི་ཐན་རྒྱལ་ཁབ་ཀྱི་རྒྱལ་ས་ཡིན་པ་དང་། ཕཱ་ལེ་སི་ཐན་མི་དམངས་ཀྱིས་གཞན་གྱིས་བཙན་བཟུང་བྱས་པའི་རང་གི་ས་ཁོངས་ཚང་མར་བདག་དབང་ལག་བསྟར་བྱེད་པའི་དབང་ཆ་ཡོད་པ་ནན་བཤད་བྱེད་པའི་ཆེད་དུ་ཡིན་ཟེར། ཡིན་ཡང་ཁོས་ཡེ་ལུའུ་སཱ་ལེམ་ཤར་མའི་གྲོང་ཁྱེར་སྲིད་གཞུང་སླར་གསོ་བྱེད་པའི་དུས་ཚོད་གསལ་བོར་བསྒྲགས་མེད།

མཱ་ཅི་ཏཱ་ལཱ་ནེ་ཡིས་བཤད་རྒྱུར། ཨ་མེ་རི་ཁས་རང་གི་གཞུང་ཚབ་ཁང་དེ་ཡེ་ལུའུ་སཱ་ལེམ་དུ་སྤོར་བ་ནི་རྒྱལ་སྤྱིའི་སྤྱི་ཚོགས་ཀྱི་འདོད་བློ་དང་རྒྱལ་སྤྱིའི་བཅའ་ཁྲིམས་ལ་འགྲན་སློང་བའི་བྱ་སྤྱོད་ཅིག་ཡིན་པ་དང་། ཕཱ་ལེ་སི་ཐན་མི་དམངས་དང་ཨ་རབ་པ། མུའུ་སི་ལིན། ཡེ་ཤུའི་ཆོས་ལུགས་ཀྱི་དད་ལྡན་པ་བཅས་བར་གྱི་བརྩེ་དུང་ལ་དཀྲུག་ཤིང་འཕེན་པའི་བྱ་སྤྱོད་ཅིག་རེད་ཟེར། ཕཱ་ལེ་སི་ཐན་མགོ་ཁྲིད་རིམ་པས་རྒྱལ་སྤྱིའི་རྩ་འཛུགས་མང་བོར་ཞུགས་པ་སོགས་ཀྱི་ཐབས་ལ་བརྟེན་ནས་ཨ་མེ་རི་ཁར་རྒོལ་ལན་སྤྲོད་རྒྱུ་ཡིན་ཟེར།

 

རྩོམ་སྒྲིག་པ། : ཚེ་མཁར་རྒྱལ།